ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གྱོད་གཞི་གལ་ཆེན་2ལ་བསྟུད་མར་ཞིབ་བཤེར་བྱས་པ།
འདི་ནི་ལས་དོན་པས་ཞིབ་བཤེར་བྱེད་བཞིན་པ།
ཉེ་ཆར་ཁྲིམས་འགལ་བ་ཁག་གཅིག་གིས་ཁྲིམས་འགལ་ངང་ཐ་མག་ཉོ་སྒྲུབ་དང་། སྡེབ་ཚོང་། སྐྱེལ་འདྲེན་བཅས་བྱས་ནས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཐབས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་རྡོ་ཐ་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་རེད། མིག་སྔའི་ཐ་མག་ངོ་མ་འཁོར་རྒྱུག་རྒྱུན་གཏན་མེད་པའི་དུས་བབ་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས“ཡོངས་བསྒྲགས་དྲ་བ”ལ་རྡུང་རྡེག་གཏོང་བ་དང“ཐ་མག་གི་ཨང་རྟགས་རྫུན་མར”བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བ་རེད། ཟླ་11ཚེས་14ཉིན་ཐ་མག་ངོ་མ་འཁོར་རྒྱུག་རྒྱུན་གཏན་མེད་པའི་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་2ལ་བསྟུད་མར་ཞིབ་བཤེར་བྱས་ནས་ཁྲིམས་འགལ་གྱི་ཐ་མག་མཛོད་ཁང་2མེད་པར་བཟོས་ཏེ་ཁྲིམས་འགལ་གྱི་ཐ་མག་སྣ་ཁ་47དང་ཁྱོན་རྡར་ཚན་4045ཞིབ་བཤེར་རྩད་ཆོད་ཐུབ་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད།
ཟླ་11ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་གྲོང་མིས་ཐེར་འདོན་བྱས་དོན། ཁྲིམས་འགལ་བས་ཐ་མག་སིལ་ཚོང་ཁང་ནས་ཁྲིམས་འགལ་ངང་ཐ་མག་ཉོས་རྗེས་དེ་དག་སྣ་ཁ་དབྱེ་ནས་ལེགས་སྒྲིག་དང་ཉར་ཚགས་བྱས་ཏེ་གོ་སྐབས་འཕྲད་པ་དང་བྲིན་ཚོང་བྱས་ཏེ་ཁེ་བཟང་རག་ཐབས་བྱེད་ཀྱི་འདུག ཞུ་གཏུག་འབྱོར་རྗེས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་འཕྲལ་མར་ཁྲིམས་སྒྱུར་བ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་ཤིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་དང་མཉམ་དུ་གྲྭ་བཞི་ཁྲོམ་གཞུང་གི་མཛོད་ཁང་ཞིག་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ་བརྒྱུད་ས་གནས་ས་ཐོག་ནས་འགྱིག་ཕད་ལྗང་ཁུ་ཉི་ཤུ་ལྷག་ཙམ་རྙེད་པ་དང་ཁྲིམས་སྒྱུར་བས་འགྱིག་ཕད་ཁ་ཕྱེ་དུས་འགྱིག་ཕད་ནང་ཁྲིམས་འགལ་གྱི་ཐ་མག་བླུགས་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཞིབ་བཤེར་བྱས་པ་བརྒྱུད་ས་གནས་ས་ཐོག་ཏུ་ཧུང་ཐ་ཧྲན(རྩེ་གྲ100)དང་། པེ་ཧྲ(མཁྲེགས)ཀྲུང་ཧྭ(མཁྲེགས)སོགས་ཐ་མག་རྡར་ཚན་3538ཡོད་པ་ཤེས་རྟོགས་བྱུང་བ་དང་ཚོང་ཟོག་གི་རིན་ཐང་སྒོར་ཁྲི་72.71ཟིན་ཡོད།
ཉིན་དེའི་དགོང་མོའི་ཆུ་ཚོད་8པར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་སླར་ཡང་ཁྲིམས་འགལ་བ་ཁག་གཅིག་གིས་ཟོག་འགྲེམས་བརྒྱུད་སྐུར་གྱི་ཐབས་ལམ་སྤྱད་ནས་ཞིང་ཆེན་གཞན་ནས་ཁྲིམས་འགལ་གྱི་ཐ་མག་ཉོ་སྒྲུབ་བྱས་པ་སྣེའུ་ཁུལ་གསར་གྱི་མཛོད་ཁང་ཞིག་ཏུ་དབོར་བ་དང་གོ་སྐབས་འཕྲད་པ་དང་ཁྲིམས་འགལ་ངང་འཚོང་གི་འདུག་ཅེས་པའི་ཐེར་འདོན་སྙན་ཞུ་ཞིག་འབྱོར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཅུས་ཀྱི་ཁྲིམས་སྒྱུར་བས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་སྣེའུ་ཁུལ་གསར་གྱི་མཛོད་ཁང་ཞིག་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ་དང་དོགས་ཡོད་མྱུར་སྐྱེལ་ཐུམ་སྒྲིལ་འགའ་ཞིག་གི་ནང་ནས་པེ་ཧྲ་དང་། ནན་ཅིན། ཙོན་ཧྲེ་སོགས་ཐ་མག་རྡར་ཚན་507རྩད་ཆོད་པ་དང་རིན་ཐང་སྒོར་ཁྲི་27.86ཟིན་ཡོད།
མིག་སྔར་གོང་གསལ་གྱོད་གཞི་གཉིས་ཀྱི་གྱོད་འབྲེལ་ཐ་མག་ལ་གསལ་འབྱེད་རགས་ཙམ་བྱས་པ་བརྒྱུད་ཚང་མ་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་ཐ་མག་ངོ་མ་ཡིན་པ་ཤེས་རྟོགས་བྱུང་བ་རེད། འོན་ཀྱང་དོ་བདག་ལ་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ཀྱི་ནང་འདྲེན་བྱེད་ཆོག་པའི་ཁྲིམས་མཐུན་ནུས་ལྡན་གྱི་ངོ་སྤྲོད་ཡི་གེ་མེད་པར་བརྟེན་ཁྲིམས་སྒྱུར་བས་ཁྲིམས་ལྟར་གྱོད་འབྲེལ་ཐ་མག་ཞིབ་བཤེར་བཀག་ཉར་བྱས་ནས་བརྟག་དཔྱད་བྱེད་རྒྱུའི་ཐག་གཅོད་བྱས་པ་རེད།