དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • འདི་ལོ་བོད་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་776རྩད་ཆོད་པ།

    ཉེས་གསོག་དོགས་ཅན་674བཟུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3.38བསྡམས་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར། རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་འབྲེལ་ཡོད་བྱ་ཐབས་དང་ཐོབ་པའི་ཕན་འབྲས་ངོ་སྤྲོད་བྱས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་776རྩད་ཆོད་ནས་ཉེས་གསོག་དོགས་ཅན་674བཟུང་བ་དང་། གྱོང་གུན་སྒོར་ཁྲི་4197.12མི་ཕོག་པར་བྱས་པ། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3.38བསྡམས་བཅད་པ་རེད།

    གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོར་སྲུང་སྐྱོང་རང་བཞིན་གྱི་གཏོང་སྤྲོད་བྱེད་མཚམས་འཇོག་པའི་ལས་དོན་སྤེལ་ཚུན་ཉིན་རེར་བཀོད་གཏོང་དང་ཟླ་རེར་བརྡ་ཁྱབ་གཏོང་བའི་ལས་དོན་ལམ་ལུགས་ལག་ལེན་བསྟར་བ་བརྒྱུད། རང་ལྗོངས་སུ་སྲུང་སྐྱོང་རང་བཞིན་གྱི་གཏོང་སྤྲོད་བྱེད་མཚམས་འཇོག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མིག་སྔའི་བར་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་ཐེངས་ཁྲི་51.49ལ་ཉེན་ཟོན་སྔོན་བརྡ་དང་བཀག་འགོག་བསླབ་བྱ་བྱས་པ་དེ་དུས་མཚུངས་ལས་67.05%འཕར་བ་དང་གྱོང་གུན་སྒོར་ཁྲི་3727.65མི་ཕོག་པ་བྱས་པ་དེ་དུས་མཚུངས་ལས་སྒོར་ཁྲི་3322.08ལྷག་ཙམ་འཕར་ཡོད། ཉེན་ཟོན་སྔོན་བརྡ་དང་བཀག་སྡོམ་བསླབ་བྱའི་ལས་དོན་ནང་རང་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའམ་ལས་རོགས་ཉེན་རྟོག་པ་15ལ་སྤྱི་བདེ་པུའི་བསྔགས་བརྗོད་ཐོབ་པའི་ནང་མི་དམངས་ཉེན་རྟོག་པའམ་ལས་རོགས་ཉེན་རྟོག་པ་5ལ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་གཟེངས་བསྟོད་དང་བྱ་དགའ་ཐོབ་ཡོད།

    “ཛ་དྲག་ཁ་པར་གྱི་ཉེན་ཟོན་སྔོན་བརྡ་དང་ངོ་འཕྲད་བཀག་སྡོམ་བསླབ་བྱའི་ལས་དོན་སྤེལ་བ་ནི་མིག་སྔར་ནུས་ཤུགས་ཡོད་རྒུས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཉུང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད” རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཁྲེན་ཕེ་ཅན་གྱིས། ཁ་པར་གྱི་ཉེན་ཟོན་སྔོན་བརྡ་དང་ངོ་འཕྲད་བཀག་སྡོམ་བསླབ་བྱའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཁང་བཅས་རིམ་བཞིའི་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་འགུལ་མགྱོགས་མྱུར་དང་། གོང་འོག་མཐུན་སྦྱོར། ཕན་འབྲས་མཐོན་པོས་འཁོར་སྐྱོད་བཅས་བྱས་ཤིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་དུས་ཐོག་ཏུ་ཁོང་དུ་ཆུད་པའི་ཁ་བསླུས་ཐེབས་སླ་བའི་མི་སྣའི་ཁུངས་སྣེ་གསེད་བཀྲོལ་དང་གཤམ་སྤྲོད་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཕྱོགས་ཡོངས་ནས་ཞིབ་དཔྱད་རིགས་དབྱེ་བྱས་པ། རྫོང་དང་ཆུས་སྤྱི་བདེ་ཅུས་དང་དེ་བཞིན་མངགས་གཏོང་ཁང་དང་། ཉེན་རྟོག་ཞབས་ཞུའི་ས་ཚིགས། ཉེན་དོན་ཁང་བཅས་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཛ་དྲག་ཁ་པར་གྱི་ཉེན་ཟོན་སྔོན་བརྡ་དང་ངོ་འཕྲད་བཀག་སྡོམ་བསླབ་བྱའི་ལས་དོན་གནད་སྨིན་སྤེལ་ཏེ་དངུལ་ཁོངས་སྒྱུར་བའི་བྱེད་སྤྱོད་ལ་དུས་ཐོག་ཏུ་བཀག་སྡོམ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ལྟ་འདོམས་ཅུས་སོགས་ཁོངས་མིའི་ཚན་པ་26དང་འབྲེལ་གཏུག་དང་གཞོགས་འདེགས་བྱས་ཡོད། འདི་ལོ་ཁ་བསླུས་དང་འབྲེལ་བ་ཡོད་པའི་APPཁྲི་13.7ལྷག་ཙམ་ཐག་གཅོད་བྱས་པ་དང་། ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁ་པར་ཐེངས་ཁྲི་412.3ལྷག་ཙམ་བཀག་པ། ཁ་བསླུས་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོངས་མིང་དང་དྲ་ཚིགས་ཁྲི་321.7ལྷག་ཙམ་བཀག་ཡོད་པ་རེད།

    འདི་ལོའི་ཟླ་དང་པོར་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་གསེར་རྙེད་ཉིང་ལག་དངུལ་ཁང་ལ་མཛུབ་ཁྲིད་བྱས་ཏེ། གྱོད་འབྲེལ་དངུལ་སྒོར་ཁྲི་912ཟིན་པའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལ་བརྫུས་པའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ཞིག་བཀག་ནས་གནོད་འཚེ་ཕོག་མཁན་ལ་གྱོང་གུན་མི་ཕོག་པར་བྱས་ཡོད། འདི་ལོའི་ཟླ་3པར་བོད་ལྗོངས་དངུལ་ཁང་རྔ་ཆེན་ཉིང་ལག་དངུལ་ཁང་གིས་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས། ཉེས་གསོག་དོགས་ཅན་7བཟུང་སྟེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང“ཉེན་རྟོག་དང་དངུལ་ཁང་མཉམ་འགུལ”གྱི་ལམ་སྲོལ་དེ་བས་ཤར་གཏོང་དང་ཕན་འབྲས་དེ་བས་ཆེན་པོ་ཐོན་པར་བྱས་ཡོད། “འདི་ལོ་ནས་བཟུང་བོད་ལྗོངས་དངུལ་ཁང་ཁོངས་གཏོགས་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་དོགས་ཡོད་ཁུངས་སྣེ་ཤེས་རྟོགས་ཐུབ་རྗེས་རང་འགུལ་ངང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡའི་ཁ་པར་ཐེངས་80བརྒྱབ་ཡོད”ཅེས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་གཏོང་སྤྲོད་རྩིས་རྒྱག་ཁྲུའི་ཁྲུའུ་ཀྲང་གཞོན་པ་ནོར་བུས་བཤད།

    རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་དྲ་རྒྱའི་བདེ་འཇགས་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཆི་ཧྲེ་ཧྲན་གྱིས། 2017ལོ་ནས་བཟུང་རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་རིམ་རྩིས་བྱས་ན་ལྗོངས་ནང་ཁུལ་གྱི་ཉེན་ཁ་ཆེ་བའི་ཁ་པར་གཱ་ཁྲི་29.6ལྷག་ཙམ་གཙང་བཤེར་བཅོས་སྒྲིག་བྱས་པ་དང་། ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁོངས་མིང་དང་དྲ་ཚུགས་ཁྲི་2330.3ལྷག་ཙམ་བཀག་པ། ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁ་པར་ཐེངས་ཁྲི་1467.5ལྷག་ཙམ་བཀག་པ། དྲ་ཐོག་དང་དྲ་ཕྱིར་དྲིལ་བསྒྲགས་ཐེངས་1500ལྷག་ཙམ་བྱས་པ། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲན་སྐུལ་འཕྲིན་ཐུང་དུང་ཕྱུར་1.2ལྷག་ཙམ་བསྐུར་བ་བཅས་བྱས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།