དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གསེར་དང་ར་གན་ནོར་ཉེན་ཡོད། བདེན་རྫུན་དབྱེ་འབྱེད་མཁས་པོ་བྱོས།

    སྤྱང་ཀིའི་ཁ་ནས་ཁྲག་གི་ཐིགས་པ་རྒྱག་མདོག་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར། ལྷ་སའི་གྲོང་མི་མཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཐད་སྦྲེལ་ཁ་པར་བརྒྱབ་སྟེ། ཉིན་ཤས་གོང་ཁོ་པས་རིན་གོང་དམའ་པོས་ཉོས་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་རྫུས་མ་ཡིན་ལུགས་དང་མགོ་སྐོར་འོག་ཐེབས་ལུགས་བརྗོད་པ་རེད། གྲོང་མི་མཱ་ཡིས་སྐབས་དེ་དུས་ངའི་བསམ་པར་ཁ་པར་ཁ་བབ་ཙམ་ཡིན་པའི་ཁར་བཀོལ་སྤྱོད་ཀྱང་བྱེད་བདེ་པོ་འདུག དེར་བརྟེན་སྒོར་2400སྤྲད་ནས་ཉོས་པ་ཡིན། ཁྱིམ་དུ་སླེབས་རྗེས། ཁ་པར་ལ་ལྟ་དུས་ཁ་པར་དེ་རྫུས་མ་རེད་འདུག དེས་མ་ཚད་བེད་སྤྱོད་བྱེད་ཐབས་མི་འདུག་ཅེས་ངང་རྒྱུད་རིང་པོས་བརྗོད།

    རྒྱུན་གཏན་གྱི་འཚོ་བར་ཁྲོམ་གཞུང་དུ་མི་འདི་འདྲ་མཐོང་རྒྱུ་ཡོད་དེ། ཁོ་ཚོས“ཁ་པར་རྩེ་གྲ”དང་། “གྲགས་ཅན་ཆུ་ཚོད” “གྲགས་ཅན་ཆུ་དྲི་ཞིམ”སོགས་རིན་གོང་ཧ་ཅང་དམའ་པོ་ཡོད་ཚུལ་བརྗོད་ནས། རིན་གོང་ཁེ་པོ་ཁོ་ནར་ལྟ་མཁན་གྱི་རྒྱ་ལམ་འགྲུལ་པ་འགའ་ཤས་ལ་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད།

    འོ་ན་རིན་གོང་དམའ་པོའི་ཞགས་པ་གཡུགས་ནས་མགོ་སྐོར་ཇི་ལྟར་གཏོང་གི་ཡོད་མེད་དང་ཁོ་ཚོའི་གཡོ་འོག་ཏུ་མི་ཚུད་པ་ཇི་ལྟར་བྱེད་དགོས་མིན་ལ། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཤོའེ་ཀྲོའུ་ཁྲང་དབྱིན་ལ་བཅར་འདྲི་བྱས་པ་ཡིན།

    རིན་གོང་ཁེ་པོ་ཁོ་ནར་ལྟ་བ།

    ཀུ་ཤུའི་ཁ་པར་རྫུས་མ་ལག་ཏུ་ཐེབས་པ།

    ཉེ་ཆར། ཞྭ་མོ་ནག་པོ་གྱོན་པའི་སྐྱེས་པ་ཞིག་གིས་ཁྲོམ་ནས་ལྷ་སའི་གྲོང་མི་མཱ་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཉོའམ་སྒོར་2400མ་གཏོགས་སྤྲོད་དགོས་མེད་ཅེས་བཤད། གྲོང་མི་མཱ་ཡིས་ཐེ་ཚོམ་བྱེད་པ་མཐོང་འཕྲལ། སྐྱེས་པ་དེས་ལམ་སེང་པ་ཀིར་ནས་ཀུ་ཤུའི་ཁ་པར་བཏོན་ནས་ཡག་པོ་ཡོད་ལུགས་བཤད།

    ཁ་པར་གྱི་བྱེད་ནུས་ཡག་པོ་ཡོད་པ་དང་ཁ་བབ་ཙམ་ཡིན་པའི་ཁར། རིན་གོང་ཡང་ཁྲོམ་རའི་ཁ་པར་རྙིང་པ་ལས་དམའ་བ་ཡོད་པ་མཐོང་འཕྲལ་ཉོ་འདོད་སྐྱེས། གྲོང་མི་མཱ་ཡིས་ངའི་ཁ་པར་ཉོས་ནས་ལོ་མང་པོ་ཕྱིན་ཙང་། དེ་དུས་ཁ་པར་ལ་གོང་ཁེ་པོ་འདི་འདྲ་ཡོད་ན་ཡག་པོ་འདུག་སྙམ་བྱུང་། ཁ་པར་དེ་ཁ་བབ་ཙམ་རེད་འདུག ཁ་པར་གྱི་མ་ལག་ཀྱང་ཚད་ལྡན་ཀུ་ཤུའི་རེད་འདུག་ལ་བཀོལ་སྤྱོད་ཀྱང་བྱེད་བདེ་པོ་འདུག ཐོག་མར་ངས་བློ་མི་བདེ་པོའི་ངང་ཁ་པར་གྱི་ཡོང་ཁུངས་གསལ་པོ་དྲིས་པ་ཡིན། ཁོ་པས་བཤད་པར་ཉན་དུས་ཁ་པར་གྱི་ཡོང་ཁུངས་སྣང་དག་མི་འདུག བྱས་ཙང་སྒོར་2400སྤྲད་དེ་ཁ་པར་འདི་ཉོས་པ་ཡིན་ཞེས་བརྗོད།

    ཚོང་འགྲིགས་རྗེས། སྐྱེས་པ་དེས་ཁ་པར་མཱ་ལ་སྤྲད་རྗེས་དེ་མུར་ཁ་བྲལ། མཱ་ཡི་བསམ་པར། རང་ཉིད་ལ་དེ་རིང་རིན་གོང་ཁེ་བའི་ཁ་པར་ཞིག་རག་སོང་སྙམ་བཞིན། ཁ་པར་ལ་ལྟ་སྐབས་དེ་མ་ཉིད་དུ་ཁོ་པ་ཧ་ལས་ཧང་སང་བར་གྱུར། སྔར་ཡོད་ཀྱི་ཀུ་ཤུའི་མ་ལག་ཨེན་ཀྲོའུ་མ་ལག་ལ་གྱུར་པ་དང་མཉེན་ཆས་མང་པོ་ཞིག་ཁ་པར་དུ་གཏན་ནས་འབེབས་ཐུབ་ཀྱི་མེད་པའི་ཁར། ཁ་པར་གྱི་བྱེད་ནུས་གཙོ་བོ་དག་ཀྱང་རྒྱུན་གཏན་ལྟར་བེད་སྤྱོད་ཐུབ་ཀྱི་མེད། སྐབས་དེ་དུས། གྲོང་མི་མཱ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་བ་དང་། རང་ཉིད་ལ་མགོ་སྐོར་ཐེབས་པ་གཞི་ནས་ཚོར་ཏེ། དེ་མ་ཉིད་དུ་སྤྱི་བདེ་ལས་ཁུངས་སུ་བསྐྱོད་ནས་ང་རང་འདོད་རྔམ་ཆེ་དྲཌ་ནས་མགོ་སྐོར་འོག་ཏུ་ཚུད་སོང་ཞེས་དེ་དོན་སྙན་སེང་ཞུས།

    ཁྲོམ་ནས་མགོ་སྐོར་གཏོང་བ།

    རིན་གོང་དམའ་པོའི་ཞགས་པ་འཛད་སྤྱོད་པའི་སྐེ་ལ་གཡོགས་པ།

    བརྟག་དཔྱད་བྱེད་རིང་། རྒྱུན་གཏན་ཁྲོམ་ནས་རིན་གོང་དམའ་པོས་ཚོང་ཟོག་སྣ་ཚོགས་རྒྱ་ལམ་འགྲུལ་པར་འཚོང་མཁན་འདུག ཁག་གཅིག་གིས་རིག་ནུས་ཁ་པར་གསར་ཤོས་འཚོང་བ་དང་། ལ་ལའི་འདྲུད་སྒམ་དུ་གྲགས་ཅན་གྱི་བྱུག་རྫས་དང་ཆུ་དྲི་ཞིམ་འདུག་ཅེས་གྲོང་མིས་བཤད།

    ཐེངས་ཤིག་ང་རང་གཅིག་པུ་ཐན་ཧའེ་མཚན་ཁྲོམ་འགྲམ་དུ་གྲོགས་པོ་བསྒུགས་ནས་སྡོད་སྐབས། ཆ་རྒྱུས་མེད་པའི་མི་ཞིག་གིས་ངར་གྲགས་ཅན་གྱི་ཆུ་དྲི་ཞིམ་དགོས་སམ། ཤེལ་དམ་གཅིག་ལ་སྒོར་བཅུ་ལས་བྱེད་ཀྱི་མེད་ཅེས་ང་ལ་འགྲེལ་བཤད་དུས་ཡུན་རིང་པོ་བརྒྱབ་བྱུང་། ངས་ཉོ་གི་མིན་ཞེས་ཐེངས་མང་བཤད་པས་གཞི་ནས་ཕྱིན་སོང་ཞེས་གྲོང་མི་ཚེ་རིང་གཡང་སྐྱིད་ཀྱིས་བཤད་ཅིང་། ཁོ་མོས་སྐབས་དེ་དུས་ངས་ལྐོག་ལ་འདྲུད་སྒམ་ནང་གི་ཆུ་དྲི་ཞིམ་ལ་ལྟ་སྐབས་གྲགས་ཅན་ཚོང་རྟགས་མང་པོ་འདུག ང་རང་དུས་རྒྱུན་ཆུ་དྲི་ཞིམ་སྤྱོད་ཀྱི་མེད་ཙང་ཉོ་འདོད་མ་བྱུང་། ད་ལྟ་བསམ་དུས་གྲགས་ཅན་ཚོང་རྟགས་ཀྱི་ཆུ་དྲི་ཞིམ་གོང་ཁེ་པོ་དེ་འདྲ་གཏན་ནས་ཡོད་མི་སྲིད། དེ་ནི་མགོ་སྐོར་གཏོང་མཁན་ཡིན་ཐག་ཆོད་རེད་ཅེས་བཤད།

    “ཁ་པར་རྩེ་གྲ”དང་། “གྲགས་ཅན་བྱུག་རྫས” “གྲགས་ཅན་ཆུ་ཚོད”རིན་གོང་དམའ་པོས་འཚོང་མཁན་ཚང་མ་ནི་མགོ་སྐོར་གཏོང་བའི་ཇུས་ངན་རེད། ཤོའེ་ཀྲོའུ་ཁྲང་དབྱིན་གྱིས་མགོ་སྐོར་གཏོང་རིགས་དེ་རིགས་ཀྱིས་རྟག་ཏུ་དར་མ་དང་རྒན་རྒོན་དང་། བུད་མེད། སློབ་གྲྭའི་སློབ་མ་སོགས་མགོ་སྐོར་གཏོང་བདེ་བའི་ཚོགས་སྤྱིར་དམིགས་པ་དང་། མགོ་སྐོར་གཏོང་མཁན་གྱིས་གནོད་འཚེ་ཕོག་མཁན་དང་ཁྲོམ་གཞུང་དུ་གློ་བུར་དུ་འཕྲད་པའི་ཁུལ་བྱས་ནས་གནོད་འཚེ་ཕོག་མཁན་གྱི་དོགས་ཟོན་ཆུང་དུ་བཏང་སྟེ། རིན་གོང་ཧ་ཅང་དམའ་པོ་ཡོད་ཚུལ་བཤད་ནས་མི་རྣམས་ཀྱི་ཡིད་དབང་འགུགས་ཐབས་བྱེད་པ་དང་། ཚོང་འགྲིགས་རྗེས་མི་ཚོགས་ཀྱི་ཁྲོད་ནས་གར་སོང་ཆ་མེད་དུ་གྱུར་གྱི་ཡོད། “གནས་ཚུལ་དེ་རིགས་རྟག་ཏུ་ཁྲོམ་གཞུང་ངམ་ཡང་ན་ཚོང་ལས་ཁུལ་དུ་ཐོན་གྱི་ཡོད་པ་དང་། མགོ་སྐོར་གཏོང་མཁན་གྱིས་གཡོ་ཐབས་ལ་བརྟེན་ནས་མི་རྣམས་ལ་ངོ་རིས་སྟོན་གྱི་མེད། ཁོ་ཚོའི་ཇུས་ངན་རྩོམ་སྟངས་རྩ་བའི་ཆ་ནས་གཅིག་པ་ཡིན་པ་དང་། ཚང་མས་གནོད་འཚེ་ཕོག་མཁན་གྱི་ཁེ་ཕན་རག་འདོད་ཀྱི་བསམ་པར་བརྟེན་ནས་ཚོང་འགྲིག་ཐབས་བྱེད་ཀྱི་ཡོད”

    མགོ་སྐོར་མཁན་ལ་ཟོབ།

    ཚོང་ཟོག་ཉོ་ས་ཚད་ལྡན་འདེམས་དགོས།

    “ཆུ་ཚོད་ཉོ་དགོས་སམ། ཚང་མ་གྲགས་ཅན་ཚོང་རྟགས་ཡིན། གོང་ཁེ་པོ་ཡོད” “ཀུ་ཤུའི་ཁ་པར་གོང་ཁེ་པོ་ཡོད། ཉོའམ” ཁྱེད་ལ་ལམ་ཟུར་ནས་ཅ་ལག་འཚོང་མཁན་འདི་འདྲ་ཕྲད་བྱུང་ངམ། གལ་ཏེ་ཁྱེད་ཀྱིས་ཅ་ལག་དེ་རིགས་ཉོས་ཡོད་ན་མགོ་སྐོར་ཐེབས་ཡོད་ཤག་རེད།

    ཁྲོམ་གཞུང་དུ་རིན་གོང་དམའ་པོས“ཚོང་ཟོག་རྩེ་གྲ”འཚོང་གི་ཡོད་ཟེར་བ་ཚང་མ་མགོ་སྐོར་གཏོང་མཁན་གྱིས་བཤམས་པའི་ཇུས་ངན་རེད། འོ་ན་རྒྱུན་གཏན་གྱི་འཚོ་བར་ང་ཚོས་མགོ་སྐོར་མ་ཐེབས་པ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཤུའེ་ཀྲོའུ་ཁྲང་དབྱིན་གྱིས་ཚོང་ཟོག་ཉོ་སྐབས་ངེས་པར་དུ་ཚད་ལྡན་དང་ཁྲིམས་མཐུན་གྱི་ཐབས་ལམ་ལ་རྟེན་དགོས། ཡོང་ཁུངས་གསལ་པོ་མེད་པ་དང་རིན་གོང་ཧ་ཅང་དམའ་པོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཅ་ལག་སྣ་ཚོགས་འཚོང་བར་ཡིད་གཏན་ནས་ཆེས་མི་རུང་། “ཁྱེད་ཀྱིས་ནམ་ཡང་གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པ་སེམས་ལ་འཆང་དགོས། དེ་ལྟར་བྱས་ཚེ་མགོ་སྐོར་ཐེབས་མི་སྲིད” ཤུའེ་ཀྲོའུ་ཁྲང་དབྱིན་གྱིས་གལ་ཏེ་ཁྱེད་ལ་མགོ་སྐོར་ཐེབས་ཡོད་ཚེ་འཕྲལ་མར་ཉོ་ཚོང་གི་འཛིན་ཡིག་ཉར་ཚགས་ཡག་པོ་བྱས་ནས་སྤྱི་བདེ་ལས་ཁུངས་སམ་ཡང་ན་110ལ་ཉེན་བརྡའི་ཁ་པར་རྒྱག་དགོས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་ངེས་རེད་ཅེས་བཤད།

    གཞན་ཡང་། གསར་འགོད་པར་ཤེས་རྟོགས་བྱུང་བར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཐོན་རྫས་སམ་ཡང་ན་དེའི་ཐུམ་སྒྲིལ་ངོས་ཀྱི་མཚོན་རྟགས་ངེས་པར་དུ་བདེན་པ་ཡིན་དགོས་པ་མ་ཟད། “ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལོན་དཔང་རྟགས”དང་། “རྒྱ་ཡིག་བྲིས་པའི་ཐོན་རྫས་ཀྱི་མིང་དང་། ཐོན་སྐྱེད་བཟོ་གྲྭའི་མིང་། བཟོ་གྲྭའི་གནས་ཡུལ” དེ་བཞིན“ཐོན་རྫས་ཀྱི་ཚད་གཞི་དང་། རིམ་པ། དེར་འདུས་པའི་གྲུབ་ཆ་གཙོ་བོའི་མིང་དང་འདུས་ཚད”སོགས་ཚད་ལྡན་ཡིན་དགོས། དེར་བརྟེན་རྒྱ་ཆེའི་གྲོང་མིས་འབྲེལ་ཡོད་ཀྱི་ཐོན་རྫས་ཉོ་སྐབས། ངེས་པར་དུ་ཐོན་རྫས་ཚད་ལྡན་ཡིན་མིན་ལ་དབྱེ་འབྱེད་ནན་པོ་བྱེད་དགོས་པ་དང་། སྣང་མེད་དུ་མི་གཏོང་བ། མགོ་སྐོར་མ་ཐེབས་པ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།