དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དམག་ཞབས་ཐིམ་རྗེས་ལས་གཏོད་བྱས། ཡུལ་མི་མཉམ་དུ་ཕྱུག་འགྱུར་འབད།

    —— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་དམག་ཞབས་ཐིམ་པའི་དམག་མི་རྒྱགས་ལོད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    “ང་ཚོའི་མཉམ་ལས་ཁང་གི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བར་ལས་ཞུགས་འབབ་འཕར་ཡོང་བར་བྱེད་ཀྱི་ཡིན”ཞེས་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དར་རྒྱས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རྒྱགས་ལོད་ཀྱི་སྐད་ཆ་ནས་དམག་མིའི་དཔའ་ངར་ཞུམ་མེད་དང་བློ་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་བཞིན་ཡོད།

    དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཞིག་ནས་ཁེ་ལས་མཁས་ཅན་དང་། གླ་པ་རྒྱུག་མཁན་ཞིག་ནས་ལས་གཏོད་འཇོན་ཐང་ཅན། དེ་ནས་ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་པ་བཅས་ཀྱི་བར། རྒྱགས་ལོད་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་འགན་སེམས་ལ་བརྟེན་ནས་ངོ་མཚར་ཆེ་བའི་མི་ཚེ་གཏོད་བཞིན་ཡོད།

    1978ལོར་རྒྱགས་ལོད་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་འབོད་ཐོས་གྲོང་ཚོའི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། 1994ལོའི་ཟླ་12པར་དམག་སྐུལ་དང་བླངས་ཀྱིས་དམག་དཔུང་ནང་ཞུགས། དཔུང་སྡེར་སྡོད་རིང་ཁོང་ལ་དམག་མི་ཕུལ་བྱུང་གི་མཚན་སྙན་ཐོབ་མྱོང་ཡོད། 1997ལོའི་ཟླ་12པར་དམག་ཞབས་ཐིམ་པ་དང་ཆབས་ཅིག་རང་བརྟེན་ལས་ཞུགས་གདམ་ག་བྱས། དམག་དཔུང་དུ་འཚོ་བ་སྐྱེལ་བའི་ལོ་གསུམ་གྱི་རིང་ཁོང་ལ་དཀའ་སྡུག་ལ་མི་སྐྲག་པ་དང་ནམ་ཡང་དཔའ་མི་ཞུམ་པའི་བློ་རྩ་བརྟན་པའི་གཤིས་རྒྱུད་འཇགས་ཡོད།

    2014ལོར་རྒྱགས་ལོད་ཀྱིས་རང་ཉིད་ཀྱི་གླ་པ་རྒྱུག་པའི་འཚོ་བ་མཇུག་བསྒྲིལ་ནས་ཕུགས་འདུན་འཆང་བཞིན་ཕ་ཡུལ་དུ་ལོག རང་ཉིད་ཀྱིས་ཕྱིར་གླ་པར་སྐྱོད་པའི་ཉམས་མྱོང་དང་ས་གནས་དེ་གའི་ཁྲོམ་རར་བརྟག་དཔྱད་གང་ལེགས་བྱས་པ་ཟུང་འབྲེལ་བྱས་ནས་ཕྱོགས་ཁག་གི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པའི་རྨང་གཞིའི་ཐོག་རྒྱགས་ལོད་ཀྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དར་རྒྱས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས།

    མཉམ་ལས་ཁང་བཙུགས་རྗེས་ཏང་དང་སྲིད་གཞུང་གིས་སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྒོར་ཁྲི་42.7བཏང་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཉམ་ལས་ཁང་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རོགས་དང་། གྲོང་ཚོའི་ནང་གི་ལས་སྒུག་གཞོན་ནུར་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་གཏོང་རྩལ་དང་སོ་ཕག་དང་རྫ་གཡམ་བཟོ་རྩལ་སོགས་འབྲེལ་ཡོད་ཤེས་བྱ་དང་དངོས་སྤྱོད་རྩལ་ནུས་བསླབ་རོགས་བྱས་པས་མཉམ་ལས་ཁང་གི་ཚོང་ཉིན་བཞིན་ཡག་ཏུ་ཕྱིན།

    2019ལོར་རྒྱགས་ལོད་ཀྱིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ཐོ་འགོད་བྱས་ནས་ལྷོ་ཁ་གྲོང་ཁྱེར་ཡུང་ཧེང་ཨར་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ་སྡོད་ཁང་འཛུགས་སྐྲུན་ལས་གྲྭའི་ཨར་སྐྲུན་དང་། གྲོང་སྲིད་སྤྱི་སྤྱོད་ལས་གྲྭའི་ཨར་སྐྲུན། ཆུ་བེད་ཆུ་གློག་ལས་གྲྭའི་ཨར་སྐྲུན། ནགས་ཚལ་སྤྱི་གླིང་གི་སྔོ་འགྱུར་ལས་གྲྭའི་ཨར་སྐྲུན། གནའ་བོའི་སྐྲུན་དངོས་སྲུང་སྐྱོང། འཕྲུལ་ཆས་བོགས་གཏོང་སོགས་ཀྱི་ལས་སྒོ་སྒྲུབ་འགན་ཁུར་ནས་ཨར་སྐྲུན་ལས་ལ་གཞོལ།

    ཕྱུག་པོར་གྱུར་ཡང་ཡུལ་མི་སྤུན་མཆེད་སེམས་ལ་བཅངས། ཕ་ཡུལ་དུ་ལོག་ནས་མཉམ་ལས་ཁང་བཙུགས་པ་ནས་བཟུང་རྒྱགས་ལོད་ཀྱིས་ལས་སྒུག་གཞོན་ནུ་དང་དེ་བཞིན་དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་འཇུག་གང་ཐུབ་བྱས་ཏེ་ཁོང་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། མང་ཚོགས་དབུལ་པོ་4ལ་ཡུན་རིང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། རིམ་རྩིས་བྱས་ན། མཐའ་འཁོར་གྱི་མང་ཚོགས་མི་ཐེངས་5000ལྷག་ཙམ་ལ་ཕྱིར་གླ་པར་བསྐྱོད་ནས་འབབ་འཕར་ཡོང་བ་བྱས་པ་དང་འབབ་འཕར་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད།

    དུས་ཡུན་རིང་པོར་རྒྱགས་ལོད་ཀྱིས་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་དངོས་ལ་བརྟེན་ནས་མང་ཚོགས་ལ་རོགས་རམ་མཐའ་འཁྱོངས་བྱས་ཡོད། 2015ལོར་རྒྱགས་ལོད་ཀྱིས་མ་དངུལ་སྒོར་17000བཏང་ནས་གྲོང་ཚོའི་འགྲོ་ལམ་བཟོ་རོགས་བྱས་པས་ཞིང་འཕྲུལ་འགྲོ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། 2016ལོར་རྒྱགས་ལོད་ཀྱིས་ལག་རྩལ་མི་སྣ་གདན་དྲངས་ཏེ་ཤར་ཅན་གྲོང་ཚོར་འགྲོ་ལམ་བཟོ་བར་མཛུབ་ཁྲིད་དང་རོགས་རམ་བྱས་ཤིང་རང་ཉིད་ཀྱིས་འབྲེལ་ཡོད་འགྲོ་གྲོན་བཏང་བ་དང་། དུད་ཚང་དབུལ་པོ་བསྟན་འཛིན་གྱི་ཁྱིམ་ལ་སྡོད་ཁང་གསར་པ་རྒྱག་རོགས་བྱས་པ་མ་ཟད། སྒོར་2000ལྷག་ཙམ་རི་བའི་སྡོད་ཁང་རྒྱག་པར་མཁོ་བའི་དངོས་ཟོག་ཉོ་རོགས་བྱས་ཡོད། 2022ལོར་ཁྱོན་སྒོར་412850ལྷག་ཙམ་རི་བའི་རིམས་འགོག་དངོས་ཟོག་སོགས་ཞལ་འདེབས་བརྒྱབ་ཡོད།

    དཀའ་སྤྱད་ལས་ལ་རེ་བའི་འབྲས་བཟང་སྨིན་ཞེས་པ་ལྟར་ལོ་དེ་དག་ནང་རྒྱགས་ལོད་ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས། བོད་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས། ཟངས་རི་རྫོང་གི“ཕུལ་བྱུང་གུང་ཁྲན་ཏང་ཡོན་ཡག་ཤོས”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ་ཡོད།

    ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་དམག་མི་རྒན་གྲས་རྒྱགས་ལོད་ལ་ལས་གཏོད་ལམ་བུར་རྦད་དེ་ལམ་ལྷོངས་བྱུང་མེད་ཀྱང་ཁོང་གིས་ཕམ་ཁར་མི་སྐྲག་པ་དང་དཔའ་མི་ཞུམ་པའི་སྤྲོ་སེམས་དང་སྙིང་རུས་ལ་བརྟེན་ནས་དཀའ་ངལ་དུ་མ་ཁྱད་བསད་བྱས་པས་དམག་ཞབས་ཐིམ་པའི་དམག་མི་ཞིག་གི་མི་ཚེའི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།