དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    19 དུས་རྒྱུན་གྱི་སྡོད་གནས་དང་ཐེམ་ཐོ་ཡོད་ས་གཉིས་གཅིག་མཚུངས་མིན་ན་སྡོད་གནས་གཏན་འཁེལ་གང་འདྲ་བྱེད་དགོས།

    ཐེམ་ཐོ་ཞེས་པ་ནི་ཐེམ་པ་རྩིས་གཞིར་བྱས་ནས་རང་བྱུང་མིའི་རུས་མིང་དང་སྐྱེ་དུས། སྡོད་གནས། གཉེན་སྒྲིག ཉར་གསོ། གར་སོང་ཆ་མེད་དང་ཤི་བ་བཅས་ཀྱི་དོན་ཚན་བཀོད་པའི་བཅའ་ཁྲིམས་ཡིག་ཆ་ལ་ཟེར། 《ཐེམ་ཐོ་ཐོ་འགོད་ཀྱི་སྲོལ་ཡིག》ཏུ་གཏན་འབེབས་བྱས་པ་ལྟར་ན། རང་བྱུང་མི་གཅིག་ས་གནས་གཅིག་ཏུ་མ་གཏོགས་རྒྱུན་སྡོད་ཐེམ་བཀོད་མི་ཆོག་པ་དང་། ཐོ་འགོད་བྱེད་ས་ནི་ཐེམ་ཐོ་ཡོད་ས་དེར་རེད། རང་བྱུང་མི་དེ་ཉིད་རྒྱུན་སྡོད་ས་གནས་ཞེས་པ་ནི་རང་བྱུང་མིའི་གཞིས་གནས་དང་ཁ་བྲལ་བ་ནས་གཏུག་བཤེར་བྱེད་པའི་བར་རྒྱུན་མཐུད་ཀྱིས་ལོ་ངོ་གཅིག་ཡན་སྡོད་པའི་ས་ཆར་ཟེར། ཡིན་ན་ཡང་རང་བྱུང་མིས་སྨན་བཅོས་བྱེད་པའི་ས་ཆ་ཕུད་དགོས།

    སྤྱིར་བཏང་གི་གནས་ཚུལ་འོག རང་བྱུང་མིས་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་སྡོད་གནས་དེར་གཞིས་གནས་སུ་བྱས་ཡོད། འོན་ཀྱང་རྒྱུན་སྡོད་ས་གནས་དང་གཞིས་གནས་གཅིག་པ་མིན་ན། རྒྱུན་སྡོད་ས་གནས་དེ་གཞིས་གནས་ལ་རྩི་དགོས། རང་བྱུང་མི་རང་ཉིད་ཀྱི་ཐེམ་ཐོ་ཡོད་ས་ནས་ཕྱིར་སྤོ་བྱས་ཀྱང་ས་གནས་གཞན་དུ་མ་སྤོས་གོང་རྒྱུན་སྡོད་ས་གནས་མེད་པ་ཡིན་ན། སྔོན་མའི་ཐེམ་ཐོ་ཡོད་ས་དེ་གཞིས་གནས་ལ་རྩི་དགོས།

    20 ནར་མ་སོན་པའི་མིའི་ལྟ་སྐྱོང་བ་གཏན་འཁེལ་ཇི་ལྟར་བྱེད་དགོས།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉེར་བདུན་པའི་ནང་གཏན་འབེབས་བྱས་པ་ལྟར་ན། ཕ་མ་ནི་ནར་མ་སོན་པའི་མིའི་ཁྲིམས་བཀོད་ལྟ་སྐྱོང་བ་ཡིན། ནར་མ་སོན་པའི་མིའི་ཕ་མ་ཤི་བའམ་ལྟ་སྐྱོང་བྱེད་ནུས་མེད་ན། གཤམ་གསལ་གྱི་ལྟ་སྐྱོང་བྱེད་ནུས་ཡོད་མིས་གོ་རིམ་སྔ་གཞུག་ལྟར་ལྟ་སྐྱོང་བ་བྱེད་དགོས།

    (གཅིག)ཕ་རྒྱུད་སྤོ་བོ་རྨོ་བོ། མ་རྒྱུད་སྤོ་བོ་རྨོ་བོ།

    (གཉིས)གཅེན་པོ། གཅེན་མོ། (གསུམ)ལྟ་སྐྱོང་བ་བྱེད་འདོད་ཡོད་པའི་མི་སྒེར་རམ་འབྲེལ་ཡོད་རྩ་འཛུགས། ཡིན་ན་ཡང་ནར་མ་སོན་པའི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གི་མོས་མཐུན་འཐོབ་དགོས།

    21 ནར་མ་སོན་པའི་མིའི་ཕ་མས་ལྟ་སྐྱོང་ཐོབ་ཐང་མི་གཞན་ལ་བསྒྱུར་ཆོག་གམ།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉེར་བདུན་པའི་གཏན་འབེབས་ལྟར་ན། ནར་མ་སོན་པའི་མིའི་ཕ་མ་ནི་ནར་མ་སོན་པའི་མིའི་ཁྲིམས་བཀོད་ལྟ་སྐྱོང་བ་ཡིན་ལ་ཁྲིམས་བཀོད་ལྟ་སྐྱོང་གི་འོས་འགན་སྒྲུབ་དགོས་ཤིང་། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལུས་སེམས་བདེ་ཐང་དང་འཚར་ལོངས། སློབ་གསོ་བཅས་ཀྱི་ཆེད་དུ། ནར་མ་སོན་པའི་མིའི་ཕ་མས་ལྟ་སྐྱོང་ཐོབ་ཐང་དེ་རང་དགར་གཞན་ལ་བསྒྱུར་མི་ཆོག ཡིན་ནའང་གལ་སྲིད་ནར་མ་སོན་པའི་མིའི་ཕ་མ་ཤི་བའམ་ལྟ་སྐྱོང་བྱེད་ནུས་མེད་ན། ནར་མ་སོན་པའི་མིའི་ཕ་རྒྱུད་ཨ་མེས་དང་ཨ་ཕྱི། སྤོ་བོ་དང་རྨོ་བོ། གཅེན་པོ། གཅེན་མོ་དང་། ནར་མ་སོན་པའི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གི་མོས་མཐུན་ཐོབ་རྗེས་ལྟ་སྐྱོང་བ་བྱེད་འདོད་ཡོད་པའི་མི་སྒེར་རམ་འབྲེལ་ཡོད་རྩ་འཛུགས་ཀྱིས་ལྟ་སྐྱོང་བ་བྱ་ཆོག

    22 སྨྱོ་ནད་ཅན་གྱི་ལྟ་སྐྱོང་བ་གཏན་འཁེལ་གང་འདྲ་བྱེད་དགོས།

    སྨྱོ་ནད་ཅན་གྱི་སེམས་ཁམས་བདེ་ཐང་གི་གནས་ཚུལ་གཞིར་བཟུང་། 《དམངས་དོན་ཁྲིམས་གཞུང》གིས་སྨྱོ་ནད་ཅན་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་རིགས་གཉིས་སུ་དབྱེ་ཡོད་ཅིང་། དེ་ནི་སྨྱོ་ནད་ཅན་གྱི་རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྦས་ཤིང་། དེ་ནི་ངོས་འཛིན་བྱེད་མི་ཐུབ་པ་ཞིག་ཡིན་པས། ལྟ་སྐྱོང་བས་གནས་ཚུལ་ཞིབ་ཕྲ་ལྟར་དེའི་ཚབ་བྱས་ནས་དམངས་དོན་བྱ་སྤྱོད་སྤེལ་བའམ་དེའི་དམངས་དོན་བྱ་སྤྱོད་ལ་ཁས་ལེན་དང་རྗེས་བྱུང་ཁས་ལེན་བྱས་ནས་ལྟ་སྐྱོང་གི་འོས་འགན་སྒྲུབ་དགོས། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉེར་བརྒྱད་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་ནར་སོན་པའི་མི་ཡིན་ན། གཤམ་གསལ་གྱི་ལྟ་སྐྱོང་བྱེད་ནུས་ཡོད་པའི་མིས་གོ་རིམ་སྔ་གཞུག་ལྟར་ལྟ་སྐྱོང་བ་བྱེད་དགོས། (གཅིག)བཟའ་ཟླ། (གཉིས)ཕ་མ། བུ་ཕྲུག (གསུམ)གཉེན་ཉེ་གཞན་དག (བཞི)ལྟ་སྐྱོང་བ་བྱེད་འདོད་ཡོད་པའི་མི་སྒེར་རམ་རྩ་འཛུགས། ཡིན་ནའང་ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གི་མོས་མཐུན་འཐོབ་དགོས།

    23 ལྟ་སྐྱོང་བ་གཏན་འཁེལ་བྱེད་པའི་ཐད་རྩོད་གཞི་བྱུང་ན་ཐག་ཇི་ལྟར་གཅོད་དགོས།

    《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་གཅིག་པར་གཏན་འབེབས་བྱས་པ་ལྟར་ན། ལྟ་སྐྱོང་བྱ་ཡུལ་གྱི་གཉེན་ཉེ་དང་མི་སྒེར། རྩ་འཛུགས་གཞན་དག་བཅས་འབྲེལ་ཡོད་ཀྱི་དམངས་དོན་བྱེད་པོ་རྣམས་ལྟ་སྐྱོང་བ་གཏན་འཁེལ་བྱེད་པའི་ཐད་རྩོད་གཞི་བྱུང་ན། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས། དམིགས་འཛུགས་བྱས་འབྲས་དེ་འབྲེལ་ཡོད་དོ་བདག་གིས་ཁས་མ་བླངས་ན། མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག་ལ། འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་ཆོག གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་བཅས་སམ་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མིའི་ཁོངས་ནས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས།

    24 རྒན་རྒོན་གྱིས་རང་ཉིད་ཀྱི་འདོད་བློ་ལྟར་ལྟ་སྐྱོང་བ་དམིགས་འཛུགས་བྱ་ཆོག་གམ།

    རྒན་རྒོན་གྱིས་རང་ཉིད་ཀྱི་འདོད་བློ་ལྟར་ལྟ་སྐྱོང་བ་དམིགས་འཛུགས་བྱས་ཆོག གནད་དོན་འདིའི་ཐད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་གསུམ་པའི་ནང་དུ་གཏན་འཁེལ་བྱས་པ་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་ནར་སོན་པའི་མིས་རང་ཉིད་ཀྱི་གཉེན་ཉེ་དང་། ལྟ་སྐྱོང་བ་བྱེད་འདོད་ཡོད་མཁན་མི་སྒེར་རམ་རྩ་འཛུགས་གཞན་དག་དང་སྔོན་ཚུད་ནས་གྲོས་མོལ་བྱས་ཏེ། ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བ་གཏན་འཁེལ་བྱ་ཆོག རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་བ་དེས་ལྟ་སྐྱོང་བྱེད་འགན་སྒྲུབ་དགོས། དེ་ལས་རྒན་རྒོན་གྱིས་རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚང་བའམ་ཆ་ཤས་མ་ཤོར་གོང་། རང་ཉིད་ཀྱི་འདོད་བློ་ལྟར་ལྟ་སྐྱོང་བ་དམིགས་འཛུགས་བྱས་ནས་རྒན་གསོ་བྱེད་མི་དང་ལྟ་སྐྱོང་བྱེད་མི་ཡོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་ཆོག་པ་ཤེས་ཐུབ།

    25 ལྟ་སྐྱོང་བར་འགན་འཁྲི་དང་འོས་འགན་གང་དང་གང་ཡོད།

    ལྟ་སྐྱོང་ལམ་ལུགས་ཀྱི་དམིགས་ཡུལ་གཙོ་བོ་གཉིས་ཡོད་དེ། གཅིག་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་མི་འདང་བའི་མིའི་ལུས་པོ་དང་རྒྱུ་ནོར་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་འགན་སྲུང་བྱེད་པ་དེ་ཡིན། ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཆེ་ཤོས་ཐོགས་པའི་རྩ་དོན་གཞིར་བཟུང་ནས་ལྟ་སྐྱོང་འགན་འཁྲི་སྒྲུབ་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོབ་བྱེད་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་ཕུད། ལྟ་སྐྱོང་བྱ་ཡུལ་གྱི་མིའི་རྒྱུ་ནོར་ཐག་གཅོད་བྱ་མི་ཆོག གཉིས་ནི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་བྱ་སྤྱོད་ལ་འཆུན་འདོམས་བྱས་ནས་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་དེ་ཡིན། ལྟ་སྐྱོང་བྱ་ཡུལ་གྱི་མིར་འཆུན་འདོམས་བྱས་པ་བརྒྱུད་ལྟ་སྐྱོང་བྱ་ཡུལ་གྱི་མིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས། ཞིབ་ཕྲ་བཤད་ན། ལྟ་སྐྱོང་བར་གཤམ་གསལ་གྱི་འགན་འཁྲི་ལྔ་ཡོད་དེ།

    (1)ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལུས་པོ་བདེ་ཐང་ཡིན་མིན་ལ་དོ་སྣང་བྱེད་དགོས་པ་མ་ཟད། དུས་མཚུངས་ལྟ་སྐྱོང་བྱ་ཡུལ་གྱི་མིར་གཞན་གྱི་བཙན་གནོད་མ་འཕོག་སྔོན་འགོག་བྱེད་དགོས།

    (2)ལྟ་སྐྱོང་བྱ་ཡུལ་གྱི་མིའི་འཚོ་བར་ལྟ་རྟོག་བྱེད་དགོས། ལྟ་སྐྱོང་བྱ་ཡུལ་གྱི་རྒྱུན་གཏན་འཚོ་བར་ལྟ་རྟོག་བྱས་ནས་དེའི་འཚོ་བའི་དགོས་མཁོ་སྐོང་དགོས།

    (3)ལྟ་སྐྱོང་བྱ་ཡུལ་གྱི་མིའི་རྒྱུ་ནོར་དོ་དམ་དང་སྲུང་སྐྱོབ་བྱེད་དགོས། ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་ལ་དམིགས་ནས་དེའི་རྒྱུ་ནོར་དོ་དམ་དང་སྲུང་སྐྱོབ་བྱེད་དགོས། དུས་མཚུངས་ཐག་གཅོད་དབང་ཆ་ལ་ཡང་ཚོད་འཛིན་ངེས་ཅན་ཕོག་ཡོད།

    (4)ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཚབ་བྱས་ནས་དམངས་དོན་བྱ་སྤྱོད་དང་གཏུག་བཤེར་བྱ་སྤྱོད་སྤེལ་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་པས་གཏུག་བཤེར་བྱ་སྤྱོད་སྤེལ་ནུས་མེད། དེར་བརྟེན་ལྟ་སྐྱོང་བ་ནི་དེའི་ཁྲིམས་བཀོད་ལས་ཚབ་པ་རེད།

    (5)ལྟ་སྐྱོང་བྱ་ཡུལ་གྱི་མིར་དོ་དམ་དང་སློབ་གསོ་རྒྱག་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མིས་རང་ཉིད་ཀྱི་བྱ་སྤྱོད་ངོ་བོ་དང་མཇུག་འབྲས་ལ་ངོས་འཛིན་ལེགས་པོ་བྱེད་མི་ཐུབ་པས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ནས་མི་གཞན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་སྲིད། དེར་བརྟེན་ལྟ་སྐྱོང་བར་འཆུན་འདོམས་བྱེད་པའི་འོས་འགན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།