ལྷ་སའི་སྟོད་ལུང་གི་སྤྱི་བདེས་བེད་མེད་དུ་བཏང་བའི་སྦག་སྦག་གཅིག་སྡུད་ཐོག་མེད་པར་བཟོས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བེད་མེད་དུ་གཏོང་བའི་ཚད་གཞི་ལོན་པའི་སྦག་སྦག་རྩིས་བླངས་ནས་གཅིག་སྡུད་གཙང་སེལ་དང་མེད་པར་བཟོ་བའི་ལས་དོན་ཁྲིམས་ལྟར་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁོངས་གཏོགས་ཁུལ་གྱི་འབར་སྣུམ་སྦག་སྦག་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུན། ཁོངས་གཏོགས་ཁུལ་གྱི་མི་དམངས་ཉེན་རྟོག་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་མ་ཟད། ཁྲོམ་གཞུང་ཁག་དང་། ཤང་དང་གྲོང་རྡལ། སྡེ་ཁུལ་གྱི་ཚོགས་ཆུང་ཁག་དང་མཉམ་དུ་མང་ཚོགས་ལ་བདེ་འཇགས་སློབ་གསོའི་སྐོར་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཚོས་རང་འགུལ་ངང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བར་ཁྲིད་སྟོན་བྱས་པ་རེད།
མིག་སྔའི་བར། འཁོར་རྟགས་དང་ལག་ཁྱེར་མེད་པ་དང་། སྒྲིག་སྦྱོར་བྱས་པ། བེད་མེད་དུ་གཏོང་བའི་ལོ་ཚད་ལོན་པ། ཁྲིམས་འགལ་གྱིས་དུས་བཀག་ལས་ཡོལ་ཡང་ཐག་གཅོད་བྱས་མེད་པའི་སྦག་སྦག་226རྩིས་བླངས་པ་དང་འབྲེལ་ཐོ་འགོད་དང་ཞིབ་བསྡུར་ཀྱང་བྱས་པ་རེད། འདི་གར་བརྗོད་རིན་ཡོད་པ་ཞིག་ནི་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཀྱིས་རང་འགུལ་ངང་བེད་མེད་དུ་བཏང་བའི་སྦག་སྦག་ལ་ཁ་གསབ་སྤྲད་པ་སྟེ། འཁོར་གཉིས་སྦག་སྦག་དང་འཁོར་གསུམ་སྦག་སྦག་ལ་ཁ་གསབ་སྒོར་200དང་སྒོར་300སོ་སོར་སྤྲད་ཡོད། དེས་འཁོར་རྟགས་མེད་པ་དང་། ལག་ཁྱེར་མེད་པ། འགན་བཅོལ་མེད་པ་བཅས་ཀྱི་བེད་མེད་དུ་གཏོང་དགོས་པའི་སྦག་སྦག་ལམ་ཐོག་ཏུ་བསྐྱོད་པ་ལས་བྱུང་ངེས་པའི་ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་ནུས་ལྡན་ངང་བསལ་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱས་ཡོད།