དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་རང་ལོ་བཅུ་དྲུག་ཡན་ཟིན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་རྩི་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་གཉིས་པའི་ནང་། རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་རང་ལོ་བཅུ་དྲུག་ཡན་ལ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་རྩི་དགོས་ཞེས་གཏན་འབེབས་བྱས་ཡོད། འདིར་བརྗོད་པའི་རྩི་དགོས་ཞེས་པ་ནི་འདྲ་མཚུངས་ལ་གོ་དགོས་ཤིང་རྒྱུན་ལྡན་གྱི་གནས་ཚུལ་འོག་རང་ལོ་བཅོ་བརྒྱད་ལ་སོན་ཞིང་སེམས་ཁམས་དང་བློ་རིག་འཕེལ་ཚུལ་རྒྱུན་ལྡན་ཡིན་པའི་རང་བྱུང་མི་གཞི་ནས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཡིན་པ་དང་། གཞི་ནས་རང་ཚུགས་ཀྱིས་དམངས་དོན་བྱ་སྤྱོད་སྤེལ་ཆོག་པ་མ་ཟད། རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱིས་བཟོས་པའི་གྱོང་གུན་ལ་རང་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས། འོན་ཏེ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རང་ལོ་བཅུ་དྲུག་ལ་སོན་ཞིང་རང་ལོ་བཅོ་བརྒྱད་མ་སོན་པ། རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་རང་བྱུང་མི་ཡང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་རྩི་དགོས་པ་དང་། རང་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས། རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པ་ཞེས་པ་ནི་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་བསྐྱངས་ཐུབ་པ་ལ་གོ ཆ་རྐྱེན་འདི་རིགས་འཛོམས་པའི་རང་ལོ་བཅུ་དྲུག་ཡན་ལ་སོན་ཞིང་རང་ལོ་བཅོ་བརྒྱད་མ་སོན་པའི་རང་བྱུང་མི་ནི་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་ངོས་འཛིན་བྱས་ཆོག
ཅི་ཞིག་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཟེར།
དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཞེས་པ་ནི་དམངས་དོན་བྱེད་པོའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་ནས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཤས་ཙམ་ལས་མེད་པ་དང་། དེས་དམངས་དོན་ཁེ་དབང་སྤྱོད་རྒྱུ་དང་དམངས་དོན་འོས་འགན་སྒྲུབ་པའི་ཐོབ་ཐང་ལ་ཚོད་འཛིན་ངེས་ཅན་ཐེབས་པ་ལ་ཟེར། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅུ་དགུ་པ་དང་དོན་ཚན་ཉེར་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ལ་རིགས་གཉིས་སུ་དབྱེ་ཡོད་དེ། རིགས་གཅིག་ནི་ན་ཚོད་དང་རིག་སྟོབས་ཚད་གཞིར་འཛིན་ནས། རང་ལོ་བརྒྱད་ཡན་ལ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་ཞིང་། དེའི་ན་ཚོད་དང་རིག་སྟོབས་དང་འཚམ་པའི་དམངས་དོན་བྱ་སྤྱོད་སྤེལ་ཆོག་པ་ལ། དམངས་དོན་བྱ་སྤྱོད་གཞན་དག་ནི་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁོའི་ཁྲིམས་བཀོད་ལས་ཚབ་པས་ཁས་ལེན་དང་རྗེས་བྱུང་ཁས་ལེན་བྱེད་དགོས། རིགས་གཞན་པ་ནི་སེམས་ཁམས་བདེ་ཐང་གནས་ཚུལ་ཚད་གཞིར་བཟུང་སྟེ་རང་ཉིད་ཀྱི་བྱ་སྤྱོད་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་ལ། རང་ཉིད་ཀྱི་སེམས་ཁམས་བདེ་ཐང་གནས་ཚུལ་དང་འཚམ་པའི་དམངས་དོན་བྱ་སྤྱོད་སྤེལ་ཆོག དམངས་དོན་བྱ་སྤྱོད་གཞན་དག་ནི་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁོའི་ཁྲིམས་བཀོད་ལས་ཚབ་པས་ཁས་ལེན་དང་རྗེས་བྱུང་ཁས་ལེན་བྱེད་དགོས།
ཅི་ཞིག་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཟེར།
དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཞེས་པ་ནི་དམངས་དོན་བཅའ་ཁྲིམས་འབྲེལ་བར་ཞུགས་ནས་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་དམངས་དོན་ཁེ་དབང་སྤྱོད་རྒྱུ་དང་དམངས་དོན་འོས་འགན་སྒྲུབ་པའི་ཐོབ་ཐང་མེད་པའི་དམངས་དོན་བྱེད་པོ་ལ་ཟེར། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉི་ཤུ་པ་དང་དོན་ཚན་ཉེར་གཅིག་པའི་ནང་དུ་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ལ་རིགས་གཉིས་སུ་དབྱེ་ཡོད་དེ། རིགས་གཅིག་ནི་ན་ཚོད་དང་རིག་སྟོབས་ཚད་གཞིར་འཛིན་ནས་དབྱེ་བ་འབྱེད་པ་སྟེ་རང་ལོ་བརྒྱད་ལ་མ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། དེའི་ཁྲིམས་བཀོད་ལས་ཚབ་པས་ཁོའི་ཚབ་བྱས་ནས་དམངས་དོན་བྱེད་སྒོ་སྤེལ་དགོས། རིགས་གཞན་ཞིག་ནི་སེམས་ཁམས་བདེ་ཐང་གནས་ཚུལ་ཚད་གཞིར་འཛིན་ནས་དབྱེ་བ་ཞིག་ཡིན་ཞིང་། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། དེའི་ཁྲིམས་བཀོད་ལས་ཚབ་པས་ཁོའི་ཚབ་བྱས་ནས་དམངས་དོན་བྱ་སྤྱོད་སྤེལ་དགོས།
ནར་མ་སོན་པའི་མིའི་དམངས་དོན་བྱ་སྤྱོད་ལ་ནུས་པ་ཡོད་མེད་ཇི་ལྟར་གཏན་འཁེལ་བྱེད་དགོས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅུ་དགུ་པ་དང་དོན་ཚན་ཉི་ཤུ་པའི་ནང་གཏན་འབེབས་བྱས་དོན། རང་ལོ་བརྒྱད་ལ་མ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་སྤེལ་བའི་དམངས་དོན་བྱ་སྤྱོད་ལ་ནུས་པ་མེད། རང་ལོ་བརྒྱད་ལ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་ཞིང་དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁྲིམས་བཀོད་ལས་ཚབ་པས་ཁས་ལེན་དང་རྗེས་བྱུང་ཁས་ལེན་བྱེད་དགོས། ནར་མ་སོན་པའི་མིའི་ན་ཚོད་དང་རིག་སྟོབས་འཕེལ་ཚད་རྒྱུན་ལྡན་གྱི་མི་དང་ཁྱད་པར་ཡོད་པར་དམིགས་ཏེ། བཅའ་ཁྲིམས་ཀྱིས་ཚད་ཆེ་ཤོས་ནས་ནར་མ་སོན་པའི་མིའི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད། ནར་མ་སོན་པའི་མིའི་ན་ཚོད་དང་རིག་སྟོབས། སེམས་ཁམས་བདེ་ཐང་གི་གནས་ཚུལ་བཅས་དང་འཚམ་པོ་མེད་པའི་དམངས་དོན་བྱ་སྤྱོད་དམ་ཁྲིམས་བཀོད་ལས་ཚབ་པས་མོས་མཐུན་བྱས་མེད་པའི་དམངས་དོན་བྱ་སྤྱོད་ཚང་མ་ནུས་པ་མེད་པར་རྩི་དགོས་ཞེས་གཏན་འབེབས་བྱས་ཡོད། དེར་བརྟེན། ནར་མ་སོན་པའི་མིས་སྤེལ་བའི་དམངས་དོན་བྱ་སྤྱོད་དེར་ནུས་པ་ཡོད་མེད་བརྡར་ཤ་གཅོད་དགོས་ན་དེས་སྤེལ་བའི་དམངས་དོན་བྱ་སྤྱོད་དེ་ཁོའི་ན་ཚོད་དང་རིག་སྟོབས། སེམས་ཁམས་བདེ་ཐང་གི་གནས་ཚུལ་བཅས་དང་འཚམ་པོ་ཡོད་མེད་ལ་བལྟ་དགོས།
སྨྱོ་ནད་ཅན་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་གོ་བ་ཇི་ལྟར་ལེན་དགོས།
《དམངས་དོན་ཁྲིམས་གཞུང》གིས་སྨྱོ་ནད་ཅན་གྱི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་གཞིགས་ནས་སྨྱོ་ནད་ཅན་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་བཅས་རིགས་གཉིས་སུ་དབྱེ་ཡོད། རང་ཉིད་ཀྱི་བྱ་སྤྱོད་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་པ་དང་རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན།
རྦད་དེ་ངོས་འཛིན་བྱེད་མི་ཐུབ་པ་ཞེས་པ་ནི་རྙོག་འཛིང་ཅུང་ཙམ་ཡོད་པའི་བྱ་དངོས་སམ་བྱ་སྤྱོད་གལ་ཆེན་ལ་བརྡར་ཤ་གཅོད་པ་དང་རང་ཉིད་སྲུང་སྐྱོབ་བཅས་བྱེད་པའི་ནུས་པ་མེད་པ་མ་ཟད། མཇུག་འབྲས་ཇི་འདྲ་ཞིག་ཐོན་པ་ཡང་སྔོན་དཔག་བྱེད་མི་ཐུབ་པ་ལ་ཟེར། དམངས་དོན་བྱ་སྤྱོད་གང་དང་གང་ཞིག་རིགས་འདིར་གཏོགས་པའི་རང་བྱུང་མིའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་འཚམ་པ་ཇི་ལྟར་གཏན་འཁེལ་བྱེད་པའི་ཐད། རང་རྒྱལ་གྱི་ཁྲིམས་འཛིན་ལག་ལེན་ནང་གི་བརྡར་ཤ་གཅོད་པའི་ཚད་གཞི་ནི་གཤམ་གསལ་རིགས་གསུམ་ཡིན་ཏེ། གཅིག་ནི་ཁོ་ཚོས་སྤེལ་བའི་བྱ་སྤྱོད་དེ་དང་རང་ཉིད་ཀྱི་འཚོ་བའི་དབར་གྱི་སྦྲེལ་ཚད་དང་། གཉིས་ནི་མི་དེའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་གྱིས་ཁོའི་བྱ་སྤྱོད་ལ་གོ་བ་ལེན་ཐུབ་མིན་དང་བྱ་སྤྱོད་ཀྱི་མཇུག་འབྲས་ལ་སྔོན་དཔག་བྱེད་ཐུབ་མིན། གསུམ་ནི་བྱ་སྤྱོད་དང་འབྲེལ་བའི་རྒྱུ་ནོར་གྱི་བཅད་གྲངས་བཅས་ཡིན། ངོས་འཛིན་བྱེད་མི་ཐུབ་པ་ཞེས་པ་ནི་བརྡར་ཤ་གཅོད་པ་དང་རང་ཉིད་ལ་སྲུང་སྐྱོབ་ཀྱི་ནུས་པ་མེད་པ་དང་རང་ཉིད་ཀྱིས་སྤེལ་བའི་བྱ་སྤྱོད་ལ་མཇུག་འབྲས་གང་འདྲ་ཞིག་ཐོན་མིན་མི་ཤེས་པ་ལ་ཟེར།
སྨྱོ་ནད་ཅན་རྒྱུན་གཏན་ཡིན་དུས་སྤེལ་བའི་དམངས་དོན་བྱ་སྤྱོད་ལ་ནུས་པ་ཡོད་དམ།
《དམངས་དོན་ཁྲིམས་གཞུང》གིས་སྨྱོ་ནད་ཅན་གྱི་སེམས་ཁམས་བདེ་ཐང་ལ་གཞིགས་ནས་སྨྱོ་ནད་ཅན་གྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་རིགས་གཉིས་སུ་དབྱེ་ཡོད་དེ། རིགས་གཅིག་ནི་རང་ཉིད་ཀྱི་བྱ་སྤྱོད་ལ་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་ཡིན་ལ་དེ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མིར་གཏོགས། རིགས་གཞན་ཞིག་ནི་རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་ཡིན་ཞིང་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིར་གཏོགས། དཔེར་བཞག་ན། ཝང་ཆེ་གེ་མོར་སྨྱོ་འབོག་ནད་ཕོག་ཡོད་ཅིང་སྨན་བཅོས་བྱས་པ་བརྒྱུད་ནད་བརྟག་ཇེ་བརྟན་དུ་ཕྱིན་སོང་། ཉིན་ཞིག་ཁོས་དངུལ་སྒོར་100བཏོན་ནས་རླུང་འཕྲིན་ཞིག་ཉོས་ཤིང་། ཝང་ཆེ་གེ་མོས་རླུང་འཕྲིན་ཉོས་པའི་དམངས་དོན་བྱ་སྤྱོད་དེ་ལ་ནུས་པ་ཡོད་དམ། ཝང་ཆེ་གེ་མོའི་འཚོ་བའི་ནང་རྟག་པར་རླུང་འཕྲིན་ལ་བརྟེན་ནས་ལེ་ཚན་ཉན་བཞིན་ཡོད། དེ་ནི་ཁོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཝང་ཆེ་གེ་མོའི་སྐབས་དེ་དུས་ཀྱི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་གཞིགས་ན་ཁོས་དངུལ་སྒོར་100བཏོན་ནས་རླུང་འཕྲིན་ཉོས་པའི་བྱ་སྤྱོད་ཀྱི་མཇུག་འབྲས་ལ་གོ་བ་ལེན་ཐུབ་པ་མ་ཟད་སྔོན་དཔག་ཀྱང་བྱེད་ཐུབ། དེར་བརྟེན། ཝང་ཆེ་གེ་མོས་རླུང་འཕྲིན་ཉོས་པའི་བྱ་སྤྱོད་ལ་ནུས་པ་ལྡན་ཡོད།