གམ་པ་ལ་རྩེར་ཕུལ་བའི་ལང་ཚོའི་ལེགས་སྐྱེས།
—— སྣ་དཀར་རྩེ་རྫོང་གྲ་མ་ལུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་ཚེ་རིང་སྤེན་པའི་སྐོར་བཀོད་པ།
“ང་མཛེས་ལྗོངས་ཁུལ་འདིར་བསླེབས་ནས་ལོ་ཁ་ཤས་ཕྱིན་སོང་། ཨང་རྟགས་338125ཡིན་པའི་ཉེན་རྟོག་པ་ནི་ངས་མཐོང་མྱོང་བའི་ཉེན་རྟོག་པའི་ཁྲོད་ནས་སེམས་རྩ་འཁོལ་ཤོས་ཤིག་རེད”ཅེས་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་གྱི་ལ་ཁའི་རླངས་འཁོར་འཇོག་སའི་ལས་དོན་པས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
ལས་དོན་པའི་ལྟ་ཕྱོགས་སུ་བལྟས་ཚེ། ངོ་གདོང་ནག་པའི་མི་དམངས་ཉེན་རྟོག་པ་ཞིག་གིས་ལྡོག་འོད་འཕྲོ་བའི་ཁན་སྦྱར་ཞིག་གྱོན་ནས་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་དུ་འགྲོ་འོང་བྱེད་བཞིན་པའི་རླངས་འཁོར་དཀྱིལ་ལངས་ཏེ། རྒྱ་སྐད་བདེ་པོ་ཞིག་བརྒྱབ་ནས་ཡུལ་སྐོར་བར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་སྐོར་ངང་རྒྱུད་རིང་པོས་དྲན་སྐུལ་བྱེད་བཞིན་འདུག ཁོང་ནི་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་དཔལ་སྡེ་ཤང་མངགས་གཏོང་ཁང་གི་གྲ་མ་ལུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གི་ཉེན་རྟོག་པ་ཚེ་རིང་སྤེན་པ་རེད།
ཚེ་རིང་སྤེན་པས་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པར་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་ཐོབ་ནས། ཁོང་ལ་སྔ་རྗེས་སུ་སྔོན་ཐོན་མི་སྒེར་ཐེངས་གཉིས་དང་། ཕུལ་བྱུང་ཏང་ཡོན་ཐེངས་གཅིག ཕུལ་བྱུང་གཞུང་ཞབས་པ་ཐེངས་བཞི་བཅས་ཀྱི་གཟེངས་བསྟོད་ཐོབ་པ་མ་ཟད། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་བྱ་དགའ་ཐེངས་གཅིག་ཐོབ་པ་རེད།
“དུས་ཚོད་ནི་ཉེན་སྐྱོབ་གེགས་སེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སེམས་རྣལ་ལ་ཕབ་ནས་ལམ་ངོས་ཀྱི་རྡོ་དང་འདམ་རུད་གང་མགྱོགས་གཙང་སེལ་བྱེད་དགོས་པ་མ་ཟད། ཕ་རོལ་རི་ལྡེབས་ཀྱི་རྡོ་ཧྲུག་དག་ཀྱང་མངོན་མེད་རྐྱེན་ངན་ཞིག་ཡིན་པས་ངེས་པར་དུ་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་ཆབས་ཅིག གཞུང་ལམ་འགྲིམ་འགྲུལ་ལ་ལམ་སྟོན་བྱེད་པའི་ལས་ཀའང་ཡག་པོ་སྒྲུབ་དགོས” 2023ལོའི་ཟླ་7ཚེས་20ཉིན་གྱི་སྔ་དྲོར། ཚེ་རིང་སྤེན་པས་སྐོར་གཡེང་བྱེད་སྐབས་རྒྱལ་ལམ་349ཡི་སྣ་དཀར་རྩེ་རྫོང་ཕྱོགས་ཀྱི་ལམ་དུམ་གསུམ་དུ་ཆར་པ་ཆེན་པོ་བབས་ནས་རི་ཉིལ་ཏེ་ལམ་ངོས་ཁག་གཅིག་འདམ་རྡོའི་ཆུ་རུད་ཀྱིས་ཁེངས་པ་དང་། རི་ལྡེབས་ཀྱི་རྡོ་ཧྲུག་ཉིལ་བའི་ཉེན་ཁ་ཡོད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེན་པོ་ལྡན་པ་ཤེས་རྟོགས་བྱུང་བ་རེད། ཚེ་རིང་སྤེན་པས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་ལ་ཁ་པར་བརྒྱབ་ནས་གཞུང་ལམ་བདག་སྐྱོང་བཟོ་པ་དང་མཐུན་སྦྱོར་བྱས་ཏེ་མཉམ་དུ་ལས་ཡུལ་དངོས་སུ་ཆུ་ཚོད་ཁ་ཤས་རིང་གཙང་སེལ་བྱས་པ་རེད། མ་གཞི་ཁོང་ཐང་ཆད་དེ་ལུས་ལས་རྔུལ་ཆུ་མང་པོ་དོན་ཡང་མང་ཚོགས་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས་སྤྲོ་སྣང་གིས་ཁེངས་ཡོད།
“འདི་གའི་རི་ལམ་དུ་སྐྱོད་བདེ་པོ་མེད། ལྷག་པར་དུ་ཆར་དུས་སུ་འདྲེད་རྡབ་ཤོར་སླ་བས་གལ་སྲིད་ལམ་རྒྱུས་མངའ་མེད་ཚེ་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱས་ནས་རླངས་འཁོར་དལ་བུར་གཏོང་དགོས”ཞེས་ཚེ་རིང་སྤེན་པས་བཤད། ཟླ་8ཚེས་4ཉིན་གྱི་སྔ་དྲོར། གྲ་མ་ལུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་ལ“ཨ་ཁུ་ཉེན་རྟོག་པ་ལགས། ང་ཚོའི་རླངས་འཁོར་གྲོག་རོང་དུ་ཟགས་གྲབས་བྱས་སོང་བས་མགྱོགས་པོ་རོགས་པ་གནང་རོགས”ཞེས་པའི་སྙན་སེང་འབྱོར། འཁྲིས་སུ་འབྱོར་སྐབས། ད་བྱེད་དུས་རླངས་འཁོར་ཞིག་རི་ནས་འབབ་དུས་ཁ་ལོ་བས་གཟབ་གཟབ་མ་བྱས་པའི་དབང་གིས་ལམ་ངོགས་ཀྱི་གྲོག་རོང་དུ་ཟགས་གྲབས་ཡོད་པ་རེད།
ཚེ་རིང་སྤེན་པས་ཞྭ་མོ་ལག་པར་ཁྱེར་ནས་ལས་རོགས་ཚོ་དང་མཉམ་དུ་མགྱོགས་མྱུར་ས་གནས་ས་ཐོག་ཏུ་སླེབས་སྐབས། རླངས་འཁོར་ཕྱེད་ཀ་ཙམ་ལམ་གྱི་ཕྱི་ལ་དོན་ནས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཉམས་མྱོང་ཕུན་སུམ་ཚོགས་པའི་ཚེ་རིང་སྤེན་པས་བློ་ཐག་ཆོད་པོས་ལྗིད་འདེགས་ཡོ་བྱད་དང་། རྡོ་གདན། འདེད་འཁོར་བཅས་བཞག་ནས། བྱང་ཆ་དོད་པོས་རླངས་འཁོར་ཉེན་ཁ་ལས་བསྐྱབས་པ་རེད།
2023ལོའི་ཟླ་4པ་ནས་བཟུང་། ཚེ་རིང་སྤེན་པས་ཉེན་གྱར་རླངས་འཁོར་15བསྐྱབས་པས། ཁོང་གི་ལས་ཀར་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་དང་ཡུལ་སྐོར་བའི་ཁས་ལེན་དང་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།
“བློ་མཐུན་ཉེན་རྟོག་པ་ལགས། མགྱོགས་པོ་ཁོང་སྐྱོབ་པར་ཕེབས་རོགས། སྤོ་བོ་ལགས་ཤིག་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་3པའི་གསང་སྤྱོད་ལ་འགྲོ་སྐབས་གློ་བུར་དུ་མགོ་ཡུ་འཁོར་ནས་བརྒྱལ་སོང” ཟླ་8ཚེས་2ཉིན་གྱི་སྔ་དྲོར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་དཔལ་སྡེ་ཤང་མངགས་གཏོང་ཁང་ལ་ཡུལ་སྐོར་བ་ཞིག་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་3པར་ལ་དུག་ཚབས་ཆེན་ཕོག་ནས་གློ་བུར་དུ་འགྱེལ་ཏེ། དྲན་པ་འཐོར་བ་སོགས་ཀྱི་གནས་ཚུལ་ཐོན་འདུག་པས་འཕྲལ་མར་སྐྱོབ་རོགས་ཞེས་པའི་རེ་ཞུ་འབྱོར་བར། ཚེ་རིང་སྤེན་པ་དང་ལས་རོགས་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ་རེད།
མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་རོགས་སྐྱོབ་བྱས་པར་བརྟེན། ཡུལ་སྐོར་བ་དེ་ཉེན་ཁ་ལས་ཐར་ནས་དྲན་པ་རིམ་བཞིན་གསོས། དེ་འཕྲལ་རོགས་སྐྱོབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོའི་ཚེ་རིང་སྤེན་པས་ཡུལ་སྐོར་བ་དེའི་ནང་མིར“མགྱོགས་པོ། རྒན་འཁོགས་ལ་ཆུ་སྟེར་རོགས། མྱུར་སྐྱོབ་རླངས་འཁོར་ལམ་སེང་འབྱོར་གྱི་རེད། ངས་ཁྱེད་ལ་ད་དུང་ཕུར་མཉེད་ཏོག་ཙམ་བྱེད་ཀྱི་ཡིན། ངེས་པར་དུ་ལུས་དྲོད་མི་ཤོར་བ་བྱེད་དགོས”ཞེས་པ་སོགས་བརྗོད་པ་དང་། མྱུར་སྐྱོབ་རླངས་འཁོར་སླེབས་རྗེས། ཚེ་རིང་སྤེན་པ་དང་ཁོང་གི་ལས་རོགས་ཀྱིས་རྒན་འཁོགས་དེ་མྱུར་སྐྱོབ་རླངས་འཁོར་ནང་དུ་བསྐྱོར་བ་རེད། སྐབས་དེར། ཚེ་རིང་སྤེན་པ་དང་ཁོང་གི་ལས་རོགས་ཀྱི་སེམས་པ་ལྷོད་ལ་བབས་པ་རེད།
གྲ་མ་ལུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་བཙུགས་པ་ནས་བཟུང་། ཉིན་གང་ལས་གནས་སུ་ལས་སྒྲུབ་གྲ་སྒྲིག་དང་། སྐོར་གཡེང་གྲལ་བཤེར། ཞབས་འདེགས་ཞུ་བ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་མངོན་མེད་རྐྱེན་ངན་དང་དཀའ་ངལ་འཕྲལ་མར་སེལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད། “ང་ནི་གཞི་རིམ་གྱི་འཐབ་ས་དང་པོ་བརྟན་སྲུང་མཁན་མི་དམངས་ཉེན་རྟོག་པ་དཀྱུས་མ་ཞིག་ཡིན། ང་དང་འདྲ་བར་གཞི་རིམ་བརྟན་པོར་བསྲུངས་ནས་འཐབ་ཕྱོགས་དང་པོར་ཞབས་འདེགས་ཞུ་མཁན་མི་དམངས་ཉེན་རྟོག་པ་ཚང་མར་གཏམ་རྒྱུད་མི་འདྲ་བ་རེ་ཡོད་ལ། ཁོང་ཚོས་ཀྱང་སྒེར་སེམས་སྤུ་ཙམ་མེད་པར་མི་དམངས་མང་ཚོགས་ཀྱི་དོན་དུ་ལེགས་སྐྱེས་ཕུལ་དང་འབུལ་མུས་རེད། ངས་ཐོག་མཐའ་བར་གསུམ་དུ་གམ་པ་ལ་དང་རྒྱལ་ལམ་349ཡི་ལམ་རྒྱུད་དུ་ལས་གནས་བརྟན་པོར་བསྲུངས་ནས་ལས་སྒོ་ཁག་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ནས་ཡར་འབྲོག་གི་ས་གཞི་ཆེན་པོ་ཡག་པོ་སྲུང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་གི་ཡིན”ཞེས་ཚེ་རིང་སྤེན་པས་བརྗོད།