ནག་ཆུ་གྲོང་ཁྱེར་གྱི“དངུལ་ཁང་དང་ཉེན་རྟོག་པ”མཉམ་འགུལ་གྱིས“གཱ་ལོག་འཚོང་འགོག་པའི”བྱ་སྤྱོད་སྤེལ་བ།
“གཱ་ལོག་འཚོང་འགོག་པའི་བྱ་སྤྱོད”མུ་མཐུད་གཏིང་ཟབ་སྤེལ་ནས་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་ཁེ་ཕན་སྤྲོད་རེས་ཀྱི་འབྲེལ་ཐག་བཅད་དེ“གཱ་ལོག་འཚོང་འགོག་པའི”དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གནད་སྨིན་དབྱེ་འབྱེད་དང་། བྱ་སྤྱོད་ཧུར་ཐག་སྤེལ་བ། རང་འགུལ་ངང་ཕར་རྒོལ་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིར་འབྱུང་རྩ་ནས“གཱ་ལོག་འཚོང་འགོག་པའི”བྱ་སྤྱོད་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་བྱས་པ་དང་། དངུལ་ཁང་དང་ཉེན་རྟོག་པའི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་ངང་དངུལ་ཁང་གཱ་ཉོ་ཚོང་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་རེད། ཉེ་ཆར། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་། ནག་ཆུ་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས། དེ་བཞིན་བོད་ལྗོངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་བཅས་ཀྱིས་དངུལ་ཁང་གཱ་ཉོ་ཚོང་གི་ཉེས་གསོག་དོགས་ཅན་1བཟུང་པ་རེད།
2023ལོའི་ཟླ་10ཚེས་31ཉིན། བོད་ལྗོངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་ཚོང་ཤག་དབང་ཆེ་གེ་མོས་བཙོག་དངུལ་གཙང་སྒྱུར་འགོག་ཟོན་ལས་ཀའི་ལས་སྟེགས་སྤྱོད་སྐབས། དོགས་གཞི་ཡོད་པའི་ཉོ་ཚོང་གི་ཉེན་ཟོན་སྔོན་བརྡ་བཏང་བ་རེད། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཚོང་ཤག་དེའི་རྩིས་ཁྲའི་གཏོང་ཡོང་རྩིས་ཐོར་ཞིབ་བསྡུར་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་བོད་ལྗོངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་ཚོང་ཤག་དབང་ཆེ་གེ་མོའི་རྩིས་ཐོའི་དངུལ་སྤྱོད་ཐེངས་མང་བ་དང་། མ་དངུལ་འདོན་འཇུག་མགྱོགས་པ། མ་དངུལ་སྤྱོད་ཕྱོགས་ཁ་ཐོར་བཅས་ཡིན་པ་དེ་ནི་བཙོག་དངུལ་གཙང་སྒྱུར་དང་དེ་བཞིན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་མ་དངུལ་གཞན་སྒྱུར་གྱི་ཁྱད་ཆོས་དང་མཐུན་པ་ཤེས་རྟོགས་བྱུང་བ་རེད། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་འཕྲལ་མར་བོད་ལྗོངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ལ་ཚོང་ཤག་དབང་ཆེ་གེ་མོའི་རྩིས་ཐོར་ལས་སྟེགས་མིན་པའི་ཐབས་ལམ་བརྒྱུད་ཉོ་ཚོང་བྱེད་པར་དོ་དམ་ཚོད་འཛིན་བྱེད་དགོས་པའི་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ། ཁུངས་སྣེ་དེ་ནག་ཆུ་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས་ལ་རྩིས་སྤྲད་པ་རེད། ཁ་བསླུས་འགོག་ཟོན་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁུངས་སྣེ་དེར་དབྱེ་ཞིབ་མཐའ་དཔྱོད་གཏིང་ཟབ་བྱས་པ་དང་ཉེན་རྟོག་པ་མགྱོགས་མྱུར་མངགས་པ་རེད། མཐར་དངུལ་ཁང་དང་ཉེན་རྟོག་པའི་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་འོག་དངུལ་ཁང་གཱ་ལོག་འཚོང་རྒྱག་མཁན་ཉེས་གསོག་དོགས་ཅན་པ་དེ་བཟུང་བ་རེད།