དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ནག་ཆུའི་སྤྱི་བདེས་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    འདི་ནི་གྱོད་འབྲེལ་དངོས་རྫས་ཕྱིར་སློག་བཞིན་པ།

    གསར་འགོད་པར་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། དེའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་700ལྷག་ཙམ་ཟིན་པ་དང་གནོད་འཚེ་ཕོག་མཁན་25ཟིན་ཡོད། མི་དམངས་ཉེན་རྟོག་པས་གྱོད་འབྲེལ་དངུལ་བདའ་འདེད་བཏང་བ་དང་ཆབས་ཅིག གནོད་འཚེ་ཕོག་མཁན་ལ་ཁ་བསླུས་ཐེབས་པའི་རླངས་འཁོར་དང་། རིམས་འགོག་དངོས་ཟོག ལས་སྒྲུབ་སྒྲིག་ཆས། འཚོ་བའི་མཁོ་ཆས་སོགས་ཁྱོན་ཅ་དངོས་5784(དངུལ་ལ་ཕབ་ན་མི་དམངས་ཤོག་སྒོར་ཁྲི་400ལྷག་ཙམ་ཟིན་པ)ཕྱིར་བསློགས་ཏེ། ཉེས་ཅན་པའི་ཧམ་ཤེད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། བརྗོད་དོན་གཙོ་བོའི་གྲུབ་འབྲས་ལ་ཞིབ་དཔྱད་ནུས་ལྡན་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་དཔོན་བསྟན་འཛིན་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་ལྟར་བརྟག་དཔྱད་བྱས་པ་བརྒྱུད། 2022ལོར་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོས་ཁ་ཆད་ལག་བསྟར་བྱེད་པའི་ནུས་པ་ཅི་ཡང་མེད་པའི་གནས་ཚུལ་འོག “ཕ་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རམ་འདེགས་བྱས་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ”ཞེས་པར་ཁ་གཡར་ཏེ“བོད་ལྗོངས་ནག་ཆུ་གྲོང་ཁྱེར་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག”དང“བོད་ལྗོངས་ནག་ཆུ་གྲོང་ཁྱེར་ས་མཐོའི་སྨན་བཅོས་རོགས་སྐྱོབ་རུ་ཁག”གི་མིང་ཐོག་ནས་ཁྲོམ་རའི་བྱེད་པོ་མང་པོ་དང་གན་རྒྱ་བཞག་སྟེ་ཟོག་རིན་རྗེས་སུ་སྤྲོད་པའི་བྱ་ཐབས་སྤྱད་ནས་ལས་སྒྲུབ་སྒྲིག་ཆས་དང་། རིམས་འགོག་དངོས་ཟོག འཚོ་བའི་མཁོ་ཆས་སོགས་འབོར་ཆེན་ཉོས་པ་དང་། ད་བར་ཟོག་རིན་སྤྲད་མེད་པ་ཤེས་རྟོགས་བྱུང་བ་རེད། མི་དམངས་ཉེན་རྟོག་པས་མྱུལ་ཞིབ་བྱེད་རིང་། ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོས་དོན་གནད་གཞན་དཀྲི་དང་དོན་ཆུང་རང་གིས་ཁས་ལེན་བྱས་ཁར། རང་ཉིད་ཀྱི་ཉེས་གསོག་བྱེད་སྤྱོད་དང་ངོ་བོར་བཙན་ཤེད་ཀྱིས་དག་འབུད་བྱས་པས་གྱོད་གཞི་མྱུལ་ཞིབ་བྱེད་པར་དཀའ་ངལ་འཕྲད་པ་རེད། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་དཀའ་ངལ་ཁྱད་བསད་ཀྱིས་ཟླ་བ་དྲུག་ལྷག་ཙམ་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་གན་རྒྱར་བརྟེན་ནས་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་རྩད་ཆོད་པ་རེད།

    2023ལོའི་ཟླ་2ཚེས་16ཉིན། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གྱོད་གཞི་འདི་ཁྲིམས་ལྟར་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་དཔྱད་ཞུ་སྦྱོར་བྱེད་པར་རྩིས་སྤྲད་པ་རེད། 2023ལོའི་ཟླ་10ཚེས་24ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བཅད་ཁྲ་བཀྲམ་ནས། ཚེ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་དང་། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་4གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།