དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁ་བསླུས་རྒྱག་མཁན་ལ་ཆ་འཕྲིན་མཁོ་འདོན་བྱེད་མཁན་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    མི་མང་པོར་ཨང་གྲངས“00”རམ་ཡང་ན“+”ཡིན་པའི་རྒྱུས་མེད་ཁ་པར་འབྱོར་མྱོང་ཡོད། ཨང་གྲངས་དེ་རིགས་ཡིན་པའི་ཁ་པར་མང་ཆེ་བ་ནི་ཁ་བསླུས་རྒྱག་མཁན་ཡིན་པས། མང་ཚོགས་ལ་ཁ་པར་དེ་རིགས་འབྱོར་སྐབས་དོགས་ཟོན་བྱེད་ཀྱི་ཡོད། འོན་ཏེ། གལ་སྲིད་ཁྱེད་ལ་ཡུལ་དེ་གའི་ཨང་གྲངས་ཡིན་པའི་ཁ་པར་འབྱོར་སྐབས་ཁྱེད་ཀྱིས་དོགས་ཟོན་བྱེད་སྲིད་དམ།

    ཟླ་11ཚེས་15ཉིན། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་མི་འགའ་ཞིག་གིས“ལག་ཐོགས་ཁ་པར་གྱི་ལས་སྒོ”གཉེར་བར་ཁ་གཡར་ནས་ཕྱི་རྒྱལ་གྱི་ཁ་བསླུས་རྒྱག་མཁན་ལ་ཆ་འཕྲིན་མཁོ་འདོན་བྱ་ཆེད་མང་ཚོགས་ལ་ཁ་པར་ཡང་ཡང་བརྒྱབ་པའི་ཁུངས་སྣེ་འབྱོར་བ་རེད།

    ཁུངས་སྣེ་འབྱོར་རྗེས། རྒྱལ་རྩེ་རྫོང་མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་གཞིར་མྱུལ་ཞིབ་ལས་དོན་སྤེལ་ཞིང་། དབྱེ་ཞིབ་བརྡར་གཅོད་དང་ཁུངས་སྣེ་རྩད་ཞིབ་བྱས་པ་བརྒྱུད། དེ་ཉིན་རྒྱལ་རྩེ་རྫོང་གི་མགྲོན་ཁང་ཞིག་ཏུ“ལག་ཐོགས་ཁ་པར་གྱི་ལས་སྒོ”གཉེར་བར་ཁ་གཡར་ནས་ཕྱི་རྒྱལ་གྱི་ཁ་བསླུས་རྒྱག་མཁན་ལ་ཆ་འཕྲིན་མཁོ་འདོན་བྱེད་མཁན་ཝང་ཆེ་གེ་མོ་བཟུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཁ་བརྡའི་མཉེན་ཆས་ཤིག་ནས་མི་ཞིག་གིས་ལག་ཐོགས་ཁ་པར་གྱི་ཁ་བསླུས་རྒྱག་སྟངས་བསྐུར་བ་དང་སྦྲགས་དུས་ཡུན་ཆུ་ཚོད་གཅིག་ཟིན་པའི་ཁ་པར་རྒྱག་རོགས་བྱས་ཚེ་གླ་ཆ་སྒོར་120སྤྲོད་པ་མ་ཟད། “གླ་ཆ”ཉིན་རྩིས་རྒྱག་པའི་ཁས་ལེན་ཡང་བྱས་པ་ཝང་ཆེ་གེ་མོས་མཐོང་། ཁེ་ཕན་གྱི་བསླུ་བྲིད་འོག་ཝང་ཆེ་གེ་མོས་ཁ་པར་གཉིས་སྤྱད་ནས་ཁ་བསླུས་རྒྱག་མཁན་དང་ཁ་བསླུས་ཐེབས་ཡུལ་གཉིས་ཐད་ཀར་འབྲེལ་གཏུགས་ཐུབ་པར་བྱས་པ་རེད།

    ཝང་ཆེ་གེ་མོས་འབྲེལ་བ་བྱ་ཡུལ་དང་པོ་ནི་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཡིན་པ་ཤེས་བཞིན་དུ་སྔར་བཞིན་རྒྱུ་དངུལ་གྱི་བསླུ་བྲིད་འོག་འབྲེལ་བ་བྱ་ཡུལ་དང་པོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་རོགས་བྱས་པས། གློག་འཕྲིན་ཁ་བསླུས་ཀྱི་བྱས་ཉེས་གསོག་མཁན་ལ་ཆ་འཕྲིན་མཁོ་འདོན་བྱེད་མཁན་དུ་གྱུར་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་10དང་ཟླ་11པའི་རིང་། ཝང་ཆེ་གེ་མོས་ཁ་བསླུས་ཁ་པར་ཐེངས་4000ལྷག་ཙམ་བརྒྱབ་པར་ཁྲིམས་འགལ་གྱི་ཁེ་བཟང་སྒོར་བདུན་སྟོང་ལྷག་ཙམ་རག་ཡོད་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།