དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁུལ་ཆུང་ནང་གི་ལོ་མང་སོང་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    སྡེ་ལས་ཀྱིས་ཁུལ་ཆུང་གི་སྔོ་ལྗང་ཁུལ་རླངས་འཁོར་འཇོག་ས་བཟོས་ནས་ཡོང་འབབ་གསོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ལྗང་གླིང་སྤྲིན་ཤག་ཁུལ་ཆུང་མཐའ་འཁོར་གྱི་རླངས་འཁོར་འཇོག་ས།

    ལྗང་གླིང་སྤྲིན་ཤག་ཁུལ་ཆུང་ནང་གི་འཕྲུལ་ཆས་རླངས་འཁོར་འཇོག་ས(ད་ཆ་སྤྱོད་མཚམས་བཞག་པ)

    ལྗང་གླིང་སྤྲིན་ཤག་ཁུལ་ཆུང་མཐའ་འཁོར་གྱི་རླངས་འཁོར་འཇོག་སའི་གྲོན་འཇལ་ཚོད་འཛིན་དབྱུག་པ།

    ཉེ་ཆར། གྲོང་མི་ཁྲེན་ལགས་ཀྱིས་འདི་ག་ཚགས་པར་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་བརྒྱབ་ནས། ལྷ་ས་སྣེའུ་ཁུལ་གསར་གྱི་ཁུལ་ཆུང་ཞིག་གི་སྡེ་ལས་དོ་དམ་ཀུང་སིས་ཁུལ་ཆུང་གི་སྔོ་ལྗང་ཁུལ་རང་དགར་རླངས་འཁོར་འཇོག་ས་བཟོས་པ་དང་འབྲེལ། ཁུལ་ཆུང་གི་དོ་བདག་དང་བོགས་ལེན་དུད་ཚང་ལ་བོགས་མར་བཏང་འདུག་ཅེས་བརྗོད། གྲོང་མི་ཁྲེན་ལགས་ཀྱིས་བྱེད་སྤྱོད་དེ་ཁྲིམས་དང་སྒྲིག་སྲོལ་དང་མི་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཐད་སྦྲེལ་ཁ་པར་འབྱོར་རྗེས་གསར་འགོད་པ་དེ་གར་ཡང་སྙིང་གནས་ཚུལ་གང་འདྲ་ཡིན་མིན་ལྟ་བར་བསྐྱོད།

    དོ་བདག་གིས་བརྗོད་དོན། ཁུལ་ཆུང་གི་སྔོ་ལྗང་ཁུལ་རླངས་འཁོར་འཇོག་ས་བཟོས་ན་སྒྲིག་སྲོལ་དང་མཐུན་མེད།

    ཟླ་11ཚེས་4ཉིན། གསར་འགོད་པ་གྲོང་མི་ཁྲེན་ལགས་སྡོད་སའི་ལྗང་གླིང་སྤྲིན་ཤག་ཁུལ་ཆུང་དུ་སླེབས་སྐབས། ཁུལ་ཆུང་ཕྱིའི་ཚོང་ཁང་གི་མདུན་དུ་རླངས་འཁོར་ཁ་ཤས་རང་དགར་བཞག་ཡོད་པ་མཐོང་བྱུང་། རླངས་འཁོར་དེ་དག་གི་རྒྱབ་ཀྱི་རྡོ་ཐེམ་དུ་ཨང་གྲངས་བྲིས་ཡོད་པ་དེས་རླངས་འཁོར་འཇོག་སའི་ཨང་གྲངས་མཚོན་གྱི་ཡོད། “འདི་གར་དེ་སྔོན་ང་ཚོའི་ཁུལ་ཆུང་གི་སྔོ་ལྗང་ཁུལ་རེད། ད་ཆ་རླངས་འཁོར་འཇོག་སར་གྱུར་པ་མ་ཟད། ཟླ་རེར་རླངས་འཁོར་འཇོག་གླ་སྒོར་300སྤྲོད་དགོས་ཀྱི་འདུག”ཅེས་གྲོང་མི་ཁྲེན་ལགས་ཀྱིས་བཤད། གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་གར་རླངས་འཁོར་འཇོག་ས་ཡིན་ཟེར་བའི་རླངས་འཁོར་འཇོག་སའི་ལམ་ཐིག་བཟོས་མེད་པ་དང་ཚོང་ཁང་སྒོ་འགྲམ་གྱི་རྡོ་ཐེམ་སྟེང་གི་ཨང་རྟགས་ཕུད་མཚོན་རྟགས་གཞན་གང་ཡང་མེད་པས་རླངས་འཁོར་འཇོག་ས་ཡིན་པ་ཤེས་དཀའ།

    གྲོང་མི་ཁྲེན་ལགས་ཀྱི་སྣེ་ཁྲིད་འོག་གསར་འགོད་པས་ཁུལ་ཆུང་གི་མཐའ་འཁོར་དུ་སྐོར་ར་ཐེངས་གཅིག་བརྒྱབ་པས་རླངས་འཁོར་འཇོག་ས་དེ་འདྲ་ཁྱོན་47ཡོད་པ་དང་། ཁུལ་ཆུང་གི་བྱང་ངོས་སུ་ད་དུང་རླངས་འཁོར་འཇོག་སའི་རང་འགུལ་གྲོན་འཇལ་ཚོད་འཛིན་དབྱུག་པ་བཟོས་ཡོད། “ཁང་པ་ཉོ་སྐབས་འཆར་འགོད་རི་མོའི་ནང་འདི་གར་ནི་ཁུལ་ཆུང་གི་སྔོ་ལྗང་ཁུལ་ཡིན་པ་གསལ་པོ་འཁོད་ཡོད་མོད། འོན་ཀྱང་ད་ཆ་རླངས་འཁོར་འཇོག་སར་གྱུར་ཡོད”ཅེས་གྲོང་མི་ཁྲེན་ལགས་ཀྱིས་ཧ་ཅང་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་དེ་ལྟར་བརྗོད།

    སྡེ་ལས་ཀྱི་ལས་མིས་བརྗོད་དོན། རླངས་འཁོར་འཇོག་ས་ཉུང་དྲགས་པས་དེ་ལྟར་མ་བྱེད་ཀ་མེད་རེད།

    དེ་རྗེས་གསར་འགོད་པ་ལྗང་གླིང་སྤྲིན་ཤག་ཁུལ་ཆུང་གི་སྡེ་ལས་ལྟེ་གནས་སུ་འབྲེལ་ཡོད་དོན་དག་སྐད་ཆ་འདྲི་བར་བསྐྱོད། ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་དེ་2020ལོའི་ཟླ་8པར་དངོས་སུ་རྩིས་སྤྲད་ཅིང་། སྡེ་ལས་ལས་དོན་པས“ལྗང་གླིང་སྤྲིན་ཤག་ཁུལ་ཆུང་ལ་ཁྱོན་དུད་ཚང་426ཡོད་པ་དང་། མིག་སྔར་དོ་བདག་སྡོད་ཚད་85%ཡན་ཟིན་གྱི་ཡོད། འོན་ཀྱང་ཁུལ་ཆུང་གི་ས་འོག་རླངས་འཁོར་འཇོག་ས་དེར་རླངས་འཁོར་འཇོག་ས་73ལས་མེད། དང་ཐོག་ཁུལ་ཆུང་ནང་རླངས་འཁོར་164ཤོང་བའི་ཕྱོགས་བསྡུས་འཕྲུལ་ཆས་འཇོག་ས་ཞིག་ཡོད་མོད། འོན་ཀྱང་མིག་སྔར་བེད་སྤྱོད་གཏོང་གི་མེད”ཅེས་བརྗོད།

    “དོ་བདག་མི་ཉུང་བ་ཞིག་གིས་རླངས་འཁོར་འཇོག་སའི་གནད་དོན་ཐག་གཅོད་མ་བྱས་ན་སྡེ་ལས་ཀྱི་གྲོན་དངུལ་སྤྲོད་ཀྱི་མིན་ཟེར་གྱི་འདུག འོན་ཀྱང་ང་ཚོས་སྡེ་ལས་གཉེར་སྐྱོང་བྱེད་པར་ཡང་འགྲོ་གྲོན་གཏོང་དགོས་ཀྱི་འདུག དེར་བརྟེན་སྡེ་ལས་ཀྱི་འགྲོ་གྲོན་བསྡུ་མི་ཐུབ་པའི་རྐྱེན་གྱིས་ང་ཚོས་ཁུལ་ཆུང་མཐའ་འཁོར་གྱི་སྔོ་ལྗང་ཁུལ་གྲོན་བསྡུའི་རླངས་འཁོར་འཇོག་ས་བཟོས་པ་ཡིན”ཞེས་སྡེ་ལས་ཀྱི་འབྲེལ་ཡོད་ལས་མིས་བརྗོད་པ་དང་། ལས་མི་དེས་རླངས་འཁོར་འཇོག་སའི་གནད་དོན་ཐག་གཅོད་བྱས་རྗེས་དོ་བདག་མང་པོ་ཞིག་གིས་སྡེ་ལས་ཀྱི་གྲོན་དངུལ་ཁ་གསབ་བྱས་བྱུང་ཞེས་བརྗོད།

    “ང་ཚོའི་སྡེ་ལས་ཀུང་སི་དང་གསར་སྤེལ་ཚོང་པའི་དབར་དུས་འགོའི་སྡེ་ལས་ཞབས་ཞུའི་གན་རྒྱ་འཇོག་སྐབས་ཁུལ་ཆུང་བསྐྲུན་མ་ཐག་ཡིན་པ་མ་ཟད། གན་རྒྱའི་ནང‘ས་སྟེང་གི་འཕྲུལ་སྒུལ་འཁོར་རིགས་འཇོག་ས་164ཡོད’ཅེས་བྲིས་ཡོད་པ་ལས‘འཕྲུལ་ཆས་རླངས་འཁོར་འཇོག་སའི’འབྲེལ་ཡོད་ཆ་འཕྲིན་གཏན་ནས་བྲིས་མི་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་རྗེས་སུ་གནད་དོན་མང་པོ་དེ་འདྲ་ཐོན་གྱི་རེད་བསམ་མ་བྱུང”ཞེས་སྡེ་ལས་ལས་དོན་པས་བརྗོད། སྡེ་ལས་ལས་དོན་པས་ཀྱང་དེ་སྔ་ཁྲིམས་དཔོན་ལ་སྐད་ཆ་དྲིས་ནས་གཏུག་བཤེར་གྱི་བརྒྱུད་རིམ་བརྒྱུད་གསར་སྤེལ་ཚོང་པས་གནད་དོན་ཐག་གཅོད་བྱེད་པའི་རེ་བ་བྱེད་མྱོང་ཡོད། འོན་ཀྱང་གསར་སྤེལ་ཚོང་པས་ད་བར་ཐག་གཅོད་བྱས་མེད། སྡེ་ལས་ཀྱིས་གནད་དོན་དེ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པར་བསྐྱལ་ནས་ཟླ་གསུམ་བཞི་ཙམ་ཕྱིན་ཡང་ཁྲིམས་ཁང་གི་ལན་གང་ཡང་འབྱོར་མེད།

    འགལ་ཟླའི་རྐྱེན་གཙོ། ལོ་མང་སོང་བའི་འགན་ཟླ་དེ་དག་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    གསར་འགོད་པས་ལྗང་གླིང་སྤྲིན་ཤག་ཁུལ་ཆུང་གི་དོ་བདག་མང་པོ་ཞིག་ལ་སྐད་ཆ་དྲིས་རྗེས། ཁུལ་ཆུང་དེའི་ཁང་པ་ཚོང་འགོ་ཚུགས་པའི་སྐབས་སུ་སྡོད་ཁང་དང་རླངས་འཁོར་འཇོག་ས་བསྡེབས་ནས་བཙོངས་པ་ར་འཕྲོད་བྱུང་ཞིང་། དོ་བདག་ཀྲང་ལགས་ཀྱིས“རླངས་འཁོར་འཇོག་ས་ཞིག་ལ་རིན་གོང་སྒོར་ཁྲི་4ནས་ཁྲི་9བར་བྱས་ནས་བཙོངས་པ་རེད། ཡིན་ནའང་གསར་སྤེལ་ཚོང་པས་ཁང་པ་ཉོ་བའི་གན་རྒྱའི་ནང“རླངས་འཁོར་འཇོག་གནས་སྟེར་གྱི་ཡོད”ཅེས་བྲིས་ཡོད་པ་མ་ཟད། གན་རྒྱའི་ནང་དུ་འཕྲུལ་ཆས་རླངས་འཁོར་འཇོག་སའི་འཇོག་གནས་ལ་བདག་སྐྱོང་གྲོན་དངུལ་སྤྲོད་དགོས་ལུགས་བྲིས་མེད། ད་ལྟ་འཕྲུལ་ཆས་རླངས་འཁོར་འཇོག་སར་བདག་སྐྱོང་གྲོན་དངུལ་སྤྲོད་མཁན་མེད་པས་སྤྱོད་མཚམས་བཞག་ཡོད། དོ་བདག་ཁག་གཅིག་གི་རླངས་འཁོར་འཇོག་པའི་གནད་དོན་ཐག་གཅོད་བྱ་ཆེད། སྡེ་ལས་ཀྱིས་ཁུལ་ཆུང་གི་མཐའ་འཁོར་གྱི་སྔོ་ལྗང་ཁུལ་རླངས་འཁོར་འཇོག་སར་བཟོས་མོད། འོན་ཀྱང་དོ་བདག་ཁག་གཅིག་གིས་སྡེ་ལས་ལ་རང་དགར་སྔོ་ལྗང་ཁུལ་རླངས་འཁོར་འཇོག་སར་བཟོས་པའི་དབང་ཆ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་དེ་འཕྲོས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་ཡོད།

    གསར་འགོད་པས་འབྲེལ་ཡོད་གནད་དོན་སྐོར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་འཛུགས་སྐྲུན་ཅུས་ལ་སྐད་ཆ་དྲིས་པ་ཡིན། འབྲེལ་ཡོད་ལས་དོན་མི་སྣས། སྡེ་ལས་ཀྱིས་གལ་ཏེ་ཁུལ་ཆུང་གི་སྔོ་ལྗང་ཁུལ་ལམ་ཡང་ན་སྤྱི་པའི་ས་ཆ་གྲོན་བསྡུའི་རླངས་འཁོར་འཇོག་ས་བཟོ་དགོས་ཚེ་ཁུལ་ཆུང་གི་དོ་བདག་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོབ་རྗེས་སླར་ཡང་ལྷ་ས་གྲོང་ཁྱེར་འཆར་འགོད་ཅུས་ལ་འབྲེལ་ཡོད་དཔྱད་ཡིག་སྐྱེལ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་གཞི་ནས་རླངས་འཁོར་འཇོག་ས་བཟོ་ཆོག་གི་ཡོད་ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།