ཁྲིམས་རྩོད་པས་བརྗོད་དོན། སྔོ་ལྗང་ཁུལ་རླངས་འཁོར་འཇོག་སར་བསྒྱུར་བར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས།
བོད་ལྗོངས་མིང་ཧེང་ཁྲིམས་རྩོད་པའི་ལས་ཤག་གི་ཁྲིམས་རྩོད་པས་བཤད་དོན། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཉིས་བརྒྱ་དོན་བཞི་པར་གཏན་འབེབས་བྱས་དོན། སྐྲུན་དངོས་ཁྱབ་ཁོངས་ཀྱི་སྔོ་ལྗང་ཁུལ་ཁང་བདག་ཐུན་མོང་ལ་དབང་ཡོད། སྡེ་ལས་ཀུང་སིས་ཁུལ་ཆུང་གི་སྔར་ཡོད་ཀྱི་སྤང་ལྗོངས་རླངས་འཁོར་འཇོག་སར་བཟོས་པ་དེ་ཁང་བདག་ཚོས་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་པའི་དོན་དག་གལ་ཆེན་ཞིག་ཡིན། གལ་ཏེ་སྔོ་ལྗང་ཁུལ་རླངས་འཁོར་འཇོག་སར་སྒྱུར་དགོས་ཚེ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས།
སྔོ་ལྗང་ཁུལ་གྱི་སྤྱོད་སྒོ་བསྒྱུར་རིགས་ནི་ཐུན་མོང་ལ་དབང་བ་དང་ཐུན་མོང་གི་དོ་དམ་བྱེད་དབང་ནང་གི“དོན་དག་གལ་ཆེན་གཞན་དག”གི་ཁོངས་སུ་གཏོགས་ཀྱི་ཡོད་པས་རྒྱ་ཁྱོན་གྱི་བསྡུར་ཚད་བཟུང་ཚད་གསུམ་ཆ་གཉིས་ཡན་ཟིན་པའི་ཁང་བདག་དང་མི་གྲངས་ཀྱི་བསྡུར་ཚད་བཟུང་ཚད་ཀྱི་གསུམ་ཆ་གཉིས་ཡན་གྱི་ཁང་བདག་གིས་བརྡས་ཐག་གཅོད་དགོས་པ་མ་ཟད། བརྡས་ཐག་ལ་ཞུགས་པའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་ཟིན་པའི་ཁང་བདག་དང་དེ་བཞིན་བརྡས་ཐག་ལ་ཞུགས་པའི་ཁང་བདག་ཕྱེད་ཀ་ཡན་གྱི་མོས་མཐུན་ཐོབ་དགོས་ལ། གྲོང་ཁྱེར་སྔོ་འགྱུར་སྲིད་འཛིན་གཙོ་འགན་སྡེ་ཚན་དང་གྲོང་ཁྱེར་འཆར་འགོད་སྲིད་འཛིན་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས། སྒྱུར་བཀོད་བྱས་རྗེས་སྡེ་ལས་ཀྱིས་ངེས་པར་དུ་ཁང་བདག་ཡོངས་ལ་རིན་པ་མི་དགོས་པར་མཉམ་དུ་སྤྱོད་དགོས། གལ་ཏེ་གྲོན་བསྡུའི་ལམ་ལུགས་བཟོས་ཚེ་རླངས་འཁོར་འཇོག་པའི་ཡོང་འབབ་ཁང་བདག་ཚང་མར་དབང་དགོས། གལ་ཏེ་སྡེ་ལས་ཀུང་སིས་གོང་གསལ་གྱི་འགྲོ་ལུགས་གཉེར་མེད་པར་རང་དགར་ཁང་བདག་ཐུན་མོང་ལ་དབང་བའི་སྔོ་ལྗང་ཁུལ་རང་དགར་རླངས་འཁོར་འཇོག་སར་བསྒྱུར་ནས“ཡོང་འབབ་གསོག་པ”དེ་ནི་ཁང་བདག་གི་ཐུན་མོང་གི་དབང་ཆར་བཙན་གནོད་བཏང་བ་མ་ཟད། འཆར་འགོད་དང་མེ་ཟོན་སོགས་འབྲེལ་ཡོད་སྡེ་ཚན་གྱི་གཏན་འབེབས་ལས་ཀྱང་འགལ་ཡོད།