རང་རྒྱལ་གྱི་གྲངས་འཛིན་མཚོན་རྟགས་ཀྱི་ཚོད་ལྟ་བྱེད་ཚད་བཟའ་བཅའི་རིགས་གཙོ་བོར་ཁྱབ་པ།
གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བཟའ་བཅའི་མཚོན་རྟགས་ཀྱི་མངོན་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་པས་བཟའ་བཅའི་མཚོན་རྟགས་ལྟ་ཀློག་ཐད་སྟབས་བདེ་བསྐྲུན་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདི་ལོ་གྲངས་འཛིན་མཚོན་རྟགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད། མིག་སྔར་ཁེ་ལས་20ལྷག་ཙམ་དང་ཐོན་རྫས་40ལྷག་ཙམ་གྲངས་འཛིན་ཅན་གྱི་མཚོན་རྟགས་ཀྱི་ཚོད་ལྟའི་ལས་དོན་ལ་ཞུགས་པ་དེ་དག་འོ་བཟོས་བཟའ་ཆས་དང་། བཏུང་བྱ། ཐུམ་སྒྲིལ་གྱི་འཐུང་ཆུ། སྟབས་བདེའི་བཟའ་བཅའ། ཤའི་ཐོན་རྫས། རྩི་ཤིང་གི་སྣུམ། བྱི་རིལ་སོགས་བཟའ་བཅའི་རིགས་གཙོ་བོར་ཁྱབ་ཡོད། ཐོན་རྫས་ཁག་གཅིག་ཁྲོམ་རར་བཏོན་ཟིན་པ་དང་ཐོན་རྫས་གཞན་དག་སྔོན་དཔག་བྱས་ན་ལོ་མཇུག་གོང་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་རྒྱུ་རེད། དེ་དང་ཆབས་ཅིག་བཟའ་བཅའི་ཐོན་སྐྱེད་ཁེ་ལས་སྔར་བས་མང་བ་གྲངས་འཛིན་མཚོན་རྟགས་ཀྱི་ཚོད་ལྟའི་ལས་དོན་ལ་ཞུགས་པར་ལྕག་སྐུལ་བྱས་ནས་འཛད་སྤྱོད་པ་སྔར་བས་མང་བས་གྲངས་འཛིན་མཚོན་རྟགས་ཀྱི་སྟབས་བདེ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། དམངས་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་དགོས་མཁོ་ཆེ་རུ་ཕྱིན་པ་དང་སྦྲགས་འཛད་སྤྱོད་པས་བཟའ་བཅའི་མཚོན་རྟགས་ལྟ་ཀློག་ལ་སྔར་བས་དོ་སྣང་དང་ལུགས་མཐུན་ངང་བཟའ་བཅའ་གདམ་ག་བྱེད་ཀྱི་ཡོད། གྲངས་འཛིན་མཚོན་རྟགས་ནི་རྩ་གཉིས་བཤེར་རྟགས་སོགས་ལ་བརྟེན་ནས་བཟའ་བཅའི་མཚོན་རྟགས་ཀྱི་ཆ་འཕྲིན་སྟོན་གྱི་ཡོད་པས་འཛད་སྤྱོད་པས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་སྒྲིག་ཆས་བརྒྱུད་བཟའ་བཅའི་མཚོན་རྟགས་ཀྱི་རྩ་གཉིས་བཤེར་རྟགས་ནས་བཟའ་བཅའི་མཚོན་རྟགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་ཆོག སྲོལ་རྒྱུན་གྱི་མཚོན་རྟགས་དང་བསྡུར་ན་གྲངས་འཛིན་མཚོན་རྟགས་ལ་པར་ངོས་ཀྱི་ཚད་བཀག་མེད་པས་འཛད་སྤྱོད་པས་དྲ་ངོས་ཆེར་གཏོང་དང་། སྒྲ་གདངས་ཤེས་ཀློག བརྙན་ལམ་འགྲེལ་བཤད་སོགས་ཀྱི་བྱེད་ནུས་སྣ་ཚོགས་བརྒྱུད་བཟའ་བཅའི་ཆ་འཕྲིན་བསྡུ་ལེན་བྱེད་ཆོག་པས་སྟབས་བདེ་ཡོད་པ་མ་ཟད། འཛད་སྤྱོད་པའི་ལྟ་ཀློག་ཉམས་ལེན་དང་སྟབས་བདེའི་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བཟའ་བཅའི་ཚད་གཞི་ཡིན་པའི་གྲངས་འཛིན་མཚོན་རྟགས་འགན་ལེན་བྱེད་པའི་གཞི་རྟེན་གསར་པ་དེས་འཛད་སྤྱོད་པར་བཟའ་བཅའི་འབྲེལ་ཡོད་ཀྱི་ཆ་འཕྲིན་ངོ་མ་བརྒྱུད་སྤྲོད་བྱ་ཆེད། རྒྱལ་ཁབ་བཟའ་བཅའ་བདེ་འཇགས་ཀྱི་ཉེན་ཁ་དཔྱད་དཔོག་ལྟེ་གནས་ཀྱིས་མིག་སྔར་བཟོ་བཅོས་རྒྱག་བཞིན་པའི་GB 7718གྲངས་འཛིན་མཚོན་རྟགས་ཀྱི་བླང་བྱར་བཅུག་ནས་གྲངས་འཛིན་མཚོན་རྟགས་ཀྱི་བེད་སྤྱོད་རྩ་དོན་དང་། བླང་བྱ། སྟོན་པའི་ནང་དོན་བཅས་ལ་གཏན་འབེབས་བྱ་རྒྱུ་མ་ཟད། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་རའི་ལྟ་འདོམས་ལ་ཚད་ལྡན་གྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད། བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱིས་རང་སོ་སོའི་ལས་སྟེགས་ནས་གྲངས་འཛིན་མཚོན་རྟགས་ཀྱི་ཤོག་ངོས་སྟོན་ཆོག་པ་དང་། ཀྲུང་གོ་དངོས་ཟོག་ཨང་སྒྲིག་ལྟེ་གནས་ཀྱིས་ཀྱང་གྲངས་འཛིན་མཚོན་རྟགས་ཀྱི་གཅིག་གྱུར་ལས་སྟེགས་བཟོས་ནས་བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱིས་གྲངས་འཛིན་མཚོན་རྟགས་བེད་སྤྱོད་གཏོང་ཆེད་གདམ་ག་སྔར་བས་མང་བ་མཁོ་འདོན་བྱས་ཡོད་པ་རེད།