མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”བརྟན་པོར་བསྲུངས་པ།
—— རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།
རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས་ནས། ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་གི་བདེ་འཇགས་ལ་འགན་ལེན་བྱེད་པ་དེ་དམངས་སེམས་ཀྱི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་དང་། “ནན་ཤོས་བཞིའི”ཚད་གཞིར་གཞིགས་ནས་དེ་མཚུངས་ཀྱི་ལས་ཀའི་ཇུས་གཞི་དང་འགན་འཁྲིའི་གསལ་ཐོ་བཟོས་ཏེ། བཟའ་བཅའི་བདེ་འཇགས་ལས་དོན་ཏང་ཨུད་དང་སྲིད་གཞུང་གི་གཙོ་གནད་ལས་དོན་ལ་བརྩིས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ། ཕྱར་བ་གྲུ་འདེགས་ཀྱིས་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། བཟའ་བཅའི་ལས་སྣོན་ལས་རིགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་ཐུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་ཕྱོགས་ཡོངས་ནས་འགན་ལེན་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས།
ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ ལ་འགན་ལེན་བྱས་པ།
བཟའ་བཅའི་བདེ་འཇགས་ནི་གྲོང་ཁྱེར་ཞིག་གི་སྐྱིད་སྣང་མངོན་བྱེད་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། 2016ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་ཚོད་ལྟའི་གྲོང་ཁྱེར་ཁག་གསུམ་པར་གཏན་འཁེལ་བྱས་པ་རེད། ལོ་6ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། འདི་ལོ་སློབ་འགོ་ཚུགས་པའི་དུས་ཚིགས་སུ་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་འགོ་ཚུགས་པའི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱེད་འགོ་བཙུགས་པ་རེད། ཞིབ་བཤེར་བྱེད་རིང་། ལྷ་ས་གྲོང་ཁྱེར་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སློབ་གསོའི་སྡེ་ཚན་དང་མཉམ་དུ་ཁྱིམ་བདག་ཚོས་དོ་ཁུར་དང་གླེང་མང་བའི་གནད་དོན་ལ་དམིགས་ཏེ། ལས་ཞུགས་མི་སྣའི་བདེ་ཐང་དང་། བཟའ་བཅའི་རྒྱུ་ཆ་ཉོ་བར་དཔྱད་བཤེར། བཟའ་བཅའི་ལས་སྣོན་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན། ལྟོ་སྣོད་ལ་གཙང་སེལ་དང་དུག་སེལ་སོགས་ཀྱི་ལྷུ་ཚིགས་ནང་དོན་གཙོ་བོར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། དེ་བཞིན་བུ་བཅོལ་ཁང་གི་ཟ་ཁང་དང་སློབ་ཕྱིའི་ཁ་ལག་མཁོ་འདོན་ཚན་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཟ་ཁང་དང་ཁ་ལག་ཟ་ཡུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་། “དྲ་སྦྲེལ་+ཐབ་ཚང་ཕྱི་གསལ་ནང་གསལ”སྤྱོད་སྟངས། རྒྱུ་ཆ་ཉོ་སྒྲུབ་དང་ཉར་འཇོག བཟའ་བཅར་ལས་སྣོན་དང་མི་སྣའི་བདེ་ཐང་ལ་དོ་དམ་བྱེད་ཚུལ་སོགས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ནས། ཉེན་ཁའི་མངོན་མེད་རྐྱེན་ངན་ནན་པོ་བཤེར་ཏེ་སློབ་གྲྭའི་དགེ་སློབ་ཚོའི“ལྕེ་ཐོག་གི་བདེ་འཇགས”བརྟན་པོར་བསྲུངས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས།
བཟའ་བཅའི་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་དམ་འཛིན་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་བཟའ་བཅའི་བདེ་འཇགས་ལས་དོན་གྱིས“འགན་འཁྲི་གཉིས”དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་པ་དང་། “ཞིང་ཁ་ནས་གསོལ་ལྕོག་བར”གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་ལྟ་འདོམས་ལ་དམ་འཛིན་ནན་པོ་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་ལག་བསྟར་ཇུས་གཞི་མང་པོ་བཀྲམ་ནས“འགན་འཁྲི་གཙང་ལེན་འགོ་ཁྲིད་+འབྲེལ་གཏུག་པའི”མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། འགན་འཁྲི་གཙང་ལེན་པ་གཙོ་བོའི་བཀའ་དང་། འགན་འཁྲི་གཙང་ལེན་པའི་ཚོགས་འདུ། འགན་འཁྲི་གཙང་ལེན་པ་གཙོ་བོས་ཁེ་ལས་ལ་སྐོར་སྐྱོད། ལྟ་སྐུལ། ཆ་འཕྲིན་ཡོངས་བསྒྲགས། བརྡ་ཁྱབ་བཅས་ལམ་ལུགས་6བཙུགས་ཏེ། “ཤུགས་སྣོན་རྣམ་པའི”བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།
“བོད་ཀྱི་སྦྲང་རྩིའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་དང་ཐོན་རྫས་ཞིབ་སྤེལ”དང“ལྷོ་ཁའི་སྒྲིག་བཀོད་སྔོ་ཚལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན”སོགས་བཟའ་བཅའི་ཁྱབ་ཁོངས་ཀྱི་ཚན་རྩལ་རྣམ་གྲངས་ཁག་3བཀོད་སྒྲིག་བྱས་པར། སྔོན་དཔག་ལྟར་ན། མ་དངུལ་སྒོར་ཁྲི་510ལྷག་ཙམ་བཏང་སྟེ། བཟའ་བཅའི་ཁེ་ལས་ཀྱིས་ཚན་རིག་ཞིབ་འཇུག་ལ་མ་དངུལ་འབོར་ཆེན་བཏང་ནས། བཟའ་བཅའི་བདེ་འཇགས་ཀྱི་ཚན་རྩལ་འགག་སྒྲོལ་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་འགྲོ་བར་ཁྲིད་སྟོན་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས།
འགན་འཁྲི་ནན་དུ་བཏང་ནས་མཐའ་ཚད་བརྟན་པོར་བསྲུངས་པ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཁག་གི་འགན་འཁྲི་ཟམ་མི་ཆད་པར་ནན་དུ་བཏང་ནས། “འགན་འཁྲི་གཉིས”ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའི་ཐོན་སྐྱེད་ཁེ་ལས་43དང་བཟའ་བཅའ་ཚོང་གཉེར་ཚན་པ་ཁྲི་1.7ལ་དམིགས་ནས་བཟའ་བཅའི་བདེ་འཇགས་ལ“ཉིན་ལྟར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་རེར་བཀོད་གཏོང”བྱེད་པ་བཅས་ཀྱི་ལས་ཀའི་ལམ་ལུགས་ཕྱོཌ་ཡོངས་ནས་བཙུགས་པ་དང་། གཏན་འབེབས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་525དང་བཟའ་བཅའི་བདེ་འཇགས་པ་ཁྲི་1.7བཀོད་སྒྲིག་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་བཟའ་བཏུང་ཆུད་ཟོས་བྱེད་སྤྱོད་ལ་འགོག་རྒོལ་བྱེད་པའི་དོ་དམ་བྱ་ཐབས》བཏོན་ནས་དྲིལ་བསྒྲགས་དྲན་སྐུལ་ཤོག་བྱང་ཁྲི་2ལྷག་ཙམ་སྤྲད་པ་དང་། བཟའ་བཏུང་ཚན་པ་14ལ་བརྡ་ཁྱབ་ཡོངས་བསྒྲགས་སུ་བཏང་བ། ཁེ་ལས་3ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བཅས་བྱས་པས། བཟའ་བཏུང་ཆུད་ཟོས་ལ་འགོག་རྒོལ་བྱེད་པའི་ལས་ཀར་ཕན་འབྲས་རགས་ཙམ་ཐོན་ཡོད། བཟའ་བཏུང་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱས་ནས། “ཆུང་གྲས་གསུམ་དང་ཁྲོམ་བཀྱག་གཅིག” གི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དྲ་བའི་བཟའ་འཐུང་གི“བཟའ་བཅའི་བདེ་འཇགས་ཀྱི་ཁ་འཛར”གཙོ་གནད་དུ་ཁྱབ་གདལ་བཏང་སྟེ་ཁ་འཛར་སྣ་ཚོགས་ཁྲི་430སྤྱད་པ་དང་། ཇ་ཁང་དང་བོད་ཐུག་ཁང་གི་རིམ་པ་རྒྱུན་མཐུད་ངང་སྤར་བར་ལེགས་གྲུབ་བྱུང་ཚད་76.3%ཟིན་ཡོད། 《གཞིས་རྩེ་གྲོང་ཁྱེར་གྱི་གཅིག་སྡུད་བཟའ་འཐུང་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི》བཟོས་ནས་སློབ་གྲྭ་དང་། རྒན་གསོ་ཁང་། བུ་བཅོལ་ཁང་། དམངས་བཙུགས་ལས་རིགས་རྩལ་ནུས་གསོ་སྦྱོང་སྒྲིག་གཞི། སྨན་ཁང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཨར་ཁང་། ལས་ཡུལ། དམག་དཔུང་གི་མཁོ་སྤྲོད་ས་ཚིགས་བཅས་དང་། དེ་བཞིན་ལས་ཁུངས་སོགས་གཅིག་སྡུད་བཟའ་འཐུང་ཚན་པའི་ཟ་ཁང་གི་གཉེར་སྐྱོང་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ཡོད།