དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཉེན་རྟོག་པ་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”བསྐྲུན་པ།

    —— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ས་ལ་སྡེ་ཁུལ་ཉེན་དོན་ཁང་གིས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

     སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིར་ཐེམ་ཁོངས་དོ་དམ་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

     སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་ཁྲོམ་གཞུང་དུ་མང་ཚོགས་ལ་དྲ་བའི་བདེ་འཇགས་འགོག་སྲུང་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    སྡེ་ཁུལ་གྱི་ལས་དོན་ལ་དོན་ཆུང་ཟེར་བ་མེད་ཅིང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་དོན་ཆེན་ཞིག་རེད། གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱི་བྱ་བ་མཐའ་དག་ཡག་པོ་སྒྲུབ་དགོས། འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ས་ལ་སྡེ་ཁུལ་ཉེན་དོན་ཁང་གིས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། སྡེ་ཁུལ་གྱི་ཉེན་དོན་ལས་དོན་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ། “ཉེན་དོན་ཁང་དང་སྡེ་ཁུལ་མཉམ་སྐྲུན་དང་དམངས་ཕན་དམངས་བདེའི”རྒྱུན་རྣམ་ཅན་གྱི་བྱ་ཐབས་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་དགོས་མཁོར་དྲང་ཕྱོགས་ནས་ལན་འདེམས་པ། དུས་བདེ་འཛུགས་སྐྲུན་ལ་ཧུར་ཐག་གཞོལ་བ། མང་ཚོགས་ལ་སྔར་བས་ཞིབ་ཚགས་དང་། སྔར་བས་འཐུས་ཚང་། སྔར་བས་དངོས་ཡོད་བཅས་ཀྱི་ཞབས་འདེགས་ཞུ་བ་བཅས་བྱས་པས། སྡེ་ཁུལ་གྱི་ཉེན་དོན་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།

    དམངས་ཡོངས་ཞུགས་པའི“རམ་འདེགས་རོལ་དབྱངས”ཡག་པོ་དཀྲོལ་བ།

    སྡེ་ཁུལ་གྱི་བཅོས་སྐྱོང་ནི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད་པས། སྡེ་ཁུལ་མི་དམངས་ཉེན་རྟོག་པ་ཁོ་ནའི་ལས་དོན་ཞིག་མིན་པར་ཚང་མ་མཉམ་དུ་ཞུགས་དགོས་པའི་ལས་དོན་ཞིག་རེད།

    ས་ལ་སྡེ་ཁུལ་གྱི་ཉེན་དོན་ཁང་གིས“སྡེ་ཁུལ་གཙོ་ཁྲིད་དུ་བྱེད་པ་དང་། ཉེན་དོན་ཁང་གཙོ་བོར་བྱེད་པ། སྤྱི་ཚོགས་ཐོན་ཁུངས་གཞི་རྟེན་དུ་བྱེད་པ”བཅས་ཀྱི“1+1+N”ཡི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་པ་དང་། སྡེ་ཁུལ་མི་དམངས(ལས་རོགས)ཉེན་རྟོག་པ་དང་། དུད་སྦྲེལ་སྤྱི་མི། དྲ་མིག་པ། བདེ་འཇགས་དང་བླངས་པ་བཅས་ལས་གྲུབ་པའི་འོས་འགན་སྐོར་གཡེང་རུ་ཁག་དང་འཕྲལ་སྡོམ་མེ་ཟོན་ཡན་ལག་རུ་ཁག་བཙུགས་པ་བརྒྱུད། ཁོངས་གཏོགས་ཁུལ་དུ་རྟག་ཏུ་བཅའ་ཁྲིམས་ཤེས་བྱའི“སློབ་ཁང་ཆུང་ངུ”དང་། བདེ་འཇགས་འགོག་ཟོན་གྱི“སློབ་གསོ་ཆུང་ངུ” མེ་ཟོན་རྩལ་ནུས་ཀྱི“གསོ་སྦྱོང་ཆུང་ངུ”བཅས་གཏིང་ཟབ་སྤེལ་བ་དང་མཉམ་འགོག་མཉམ་བཅོས་ལ་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་སྐུལ་སློང་བྱས་པར། “བདེ་འཇགས་སྔོན་འགོག་དང་ཚོད་འཛིན་ལ་རྟག་ཏུ་སྲུང་མཁན་ཡོད་པ་དང་། མེ་ཟོན་གྱི་མངོན་མེད་རྐྱེན་ངན་མཐའ་དག་ལ་དོ་དམ་བྱེད་མཁན་ཡོད་པ། ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་བྱེད་མཁན་ཡོད་པ”བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    འདི་ལོ་ཚུན། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པས་སྡེ་ཁུལ་གྱི་ལས་བྱེད་པ་དང་མཉམ་དུ་སྐོར་གཡེང་ཐེངས་200ལྷག་ཙམ་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིགས་ཁག་12གྲལ་བཤེར་དང་བསལ་ཏེ། སྡེ་ཁུལ་གྱི་གྲོང་མིར་ཞི་མཐུན་དང་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཅིག་མུ་མཐུད་བསྐྲུན་ཡོད་པ་རེད།

    འགལ་ཟླ་སེལ་བའི“མེ་ཟོན་གྱང”བརྟན་དུ་བཏང་བ།

    “མ་གཞི་ཟླ་འདིར་ཁང་པ་མཛེས་བཟོ་ཚར་བ་བྱེད་དགོས་མོད། འོན་ཀྱང་ད་དུང་ལས་མཇུག་གྲིལ་མེད་པས། ཁང་པ་གསར་པར་སྤོ་བའི་འཆར་གཞི་རྦད་དེ་འཁྲུག་སོང་། ཁང་པ་མཛེས་བཟོ་བྱེད་མཁན་དང་འབྲེལ་བ་བྱས་ཀྱང་། ཁོ་ཚོས་ལན་ཡག་པོ་ཞིག་བརྒྱབ་མ་བྱུང”ཞེས་ལྷག་སྒྲོན་གྱིས་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པར་ཞུས།

    འདྲི་རྟོག་བྱེད་རིང་། ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་ཞིག་གི་དོ་བདག་ལྷག་སྒྲོན་གྱི་ཁང་པ་གསར་པ་མཛེས་བཟོ་བྱེད་བཞིན་ཡོད་པ་དང་། གན་རྒྱའི་ནང་འཁོད་པའི་དུས་བཅད་ལྟར་ལས་མཇུག་གྲིལ་མེད་པས། ལྷག་སྒྲོན་དང་མཛེས་བཟོ་མཁན་ཕེང་ཆེ་གེ་མོའི་དབར་དཔལ་འབྱོར་ཐད་ཀྱི་རྩོད་གཞི་ཐོན་ནས་ཁང་པ་མཛེས་བཟོ་བྱེད་མཚམས་བཞག་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་གནས་ལུགས་ཤོད་པ་དང་བཅའ་ཁྲིམས་སོགས་ནས་ཕྱོགས་གཉིས་པོར་ཁ་ཏ་བསླབ་བྱ་བྱས་པས། མཐར་དོ་བདག་ཕྱོགས་གཉིས་པོའི་དབར་གྲོས་འཆམ་བྱུང་ནས་ལྷག་སྒྲོན་ལ་རྒྱུ་ཆའི་གྲོན་དངུལ་སྒོར་ཁྲི་1བསློགས་པ་རེད། ལྷག་སྒྲོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་མི་དམངས་ཉེན་རྟོག་པའི་ལག་ནས་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    སྡེ་ཁུལ་བཅོས་སྐྱོང་དེ་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས། འགལ་ཟླ་འདུམ་འགྲིལ་ཡག་པོ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུ་ནི་འཆམ་མཐུན་སྡེ་ཁུལ་སྐྲུན་པའི་འགག་རྩ་རེད།

    དམངས་འཚོའི་འགལ་ཟླ་སྔ་ཙམ་ཤེས་རྟོགས་དང་། གཙོ་གནད་ཁྱབ་ཁོངས་སྔ་ཙམ་སྔོན་འགོག རིགས་དབྱེ་གྲལ་བཤེར་དང་དོ་དམ་ཚོད་འཛིན་སྔ་ཙམ་བྱས་པ་བརྒྱུད། ས་ལ་སྡེ་ཁུལ་ཉེན་དོན་ཁང་གིས་འགལ་ཟླ་སེལ་བར་ཐབས་འདོན་ཇུས་འགོད་བྱེད་པ་དང་། འགལ་ཟླ་དང་རྩོད་གཞི“རིམ་གསུམ་མཉམ་འབྲེལ་འདུམ་འགྲིག་དང་བཅར་ལན་གཅིག”གི་ལམ་སྲོལ་དེ་འདུ་འགོད་གཙོ་བོར་བྱས་ནས“དོན་ཆུང་ཉེན་དོན་ཁང་ནས་ཐག་གཅོད་ཐུབ་པ་དང་། དོན་ཆེན་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ། འགལ་ཟླ་རང་སར་ཐག་གཅོད་བྱེད་པ”བཅས་ཀྱི་སྣ་མང་ཅན་གྱི་གྲལ་བཤེར་དང་ཐག་གཅོད་ཀྱི་ལམ་སྲོལ་ཁྱབ་གདལ་གཏིང་ཟབ་བཏང་བ་དང་། ཐོན་བཟོའི་རང་བཞིན་དང་སྔོན་བརྡའི་རང་བཞིན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཏེ། འགལ་ཟླ་ཆུང་ཙག་ཐོན་མ་ཐག་སེལ་བ་དང“ཞི་མཐུན་ཆུང་ངུར”བརྟེན་ནས“དུས་བདེ་ཆེན་པོ”ཡོང་བར་བྱས་ཡོད།

    ཉེན་རྟོག་པ་དང་མི་དམངས་ཀྱི་ཞབས་ཞུའི“སེམས་མཐུན་རི་མོ”བྲིས་པ།

    ས་ལ་སྡེ་ཁུལ་ཉེན་དོན་ཁང་གིས“མང་ཚོགས་ཀྱི་སྙིང་ཉེ་བ་དང་མང་ཚོགས་ཀྱི་ལྟ་སྐྱོང་བ”བྱེད་པ་དེ་ལས་ཀའི་གཙོ་རྐང་དུ་བྱས་ཏེ། སྔ་རྗེས་སུ་ཚད་ལྡན་ཅན་དང་ཞིབ་ཕྲ་ཅན་གྱི་དམངས་ཕན་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། ཉེན་རྟོག་པ་དང་མི་དམངས་དབར་འབྲེལ་གཏུག་བྱེད་པའི“སེམས་འབྲེལ་ཟམ་པ”གཞན་ཞིག་བཙུགས་ནས། ཉེན་དོན་དང་དམངས་འདུན་སྤེལ་རེས་མཉམ་སྒུལ་ཐུབ་ཡོད།

    འདི་ལོའི་ཟླ3པར། ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་དུད་ཁྱིམ་དུ་བཅར་འདྲིར་སྐྱོད་སྐབས། མི་ཧྲེང་བགྲེས་སོང་ཞིག་ཁྱིམ་དུ་འགྱེལ་ནས་རྐང་པར་རྨས་སྐྱོན་ཕོག་པ་དང་། འགྲོ་སྐྱོད་སྟབས་བདེ་མེད་པས་སྨན་ཁང་ལ་སྐྱོད་ཐབས་བྲལ་བ་ཤེས།

    གནས་ཚུལ་དེ་ཤེས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་བཏང་ནས་སྨན་ཁང་དུ་བསྐྱལ་བ་དང་། སྨན་བཅོས་བྱས་པ་བརྒྱུད། བགྲེས་སོང་དྲག་སྐྱེད་ཡག་པོ་བྱུང་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་བགྲེས་སོང་ཁྱིམ་དུ་བསྐྱལ་རྗེས་ད་དུང་རྒན་རྒོན་ལ་ངལ་གསོ་མང་ཙམ་རྒྱག་དགོས་པ་དང་རོགས་པ་དགོས་ཚེ། ལག་ཐོགས་ཁ་པར་གྱི་ཨང་ཀི་“5”དེ་བསྣན་ན། ཐད་ཀར་རོགས་སྐྱོར་ཁ་པར་རྒྱག་ཐུབ་ཅེས་མངགས་པ་རེད།

    བྱ་བ་ཆུང་ཙག་གཅིག་ནས་བགྲེས་སོང་ལ་བློ་བདེ་བའི་སྣང་བ་ཟབ་མོ་ཞིག་བྱུང་ཡོད།

    གཞན་ཡང་། ས་ལ་སྡེ་ཁུལ་གྱི་ཉེན་དོན་ཁང་གིས་ཅུས་ཡོངས་ཀྱི་སྔོན་ལ“ཨང་ཀི་གཅིག་ལ་བརྟེན་ནས་ཁ་པར་རྒྱག་ཐུབ་པའི”ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཤིང་། ཉེན་དོན་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པའི་འབྲེལ་གཏུག་ཨང་གྲངས་དེ་མི་ཧྲེང་བགྲེས་སོང་གི་ལག་ཐོགས་ཁ་པར་ནང་བླུགས་ནས་“ཨང་ཀི་གཅིག་ལ་བརྟེན་ནས་ཁ་པར་རྒྱག་ཐུབ་པ”བཟོས་ཏེ། རོགས་རམ་མྱུར་པོ་ཐུབ་པའི་ལམ་སྲོལ་བཙུགས་པ་དང་ཉེན་རྟོག་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།