དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མི་དམངས་ཁྲིམས་ཁང་གིས་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་གྲོང་གསེབ་ཏུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མི་དམངས་ཁྲིམས་ཁང་གིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་དམངས་སྲིད་ཅུས་དང་མཉམ་དུ་འཇང་མི་རིགས་ཤང་གི་ལྕགས་རྟ་གྲོང་ཚོ་དང་། ལྕང་ལུང་གྲོང་ཚོ། འཇང་མི་རིགས་གྲོང་ཚོ། ཡར་ཀ་སྟེང་གྲོང་ཚོ། ཡར་ཀ་གྲོང་གསར་བཅས་ལ་དུས་ཡུན་ཉིན་གཉིས་ཀྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། ཁྱིམ་སྲོལ་བཟང་པོ་འཛུགས་པ་དང་། ཁྱིམ་ཚང་གི་སྲོལ་བཟང་དར་སྤེལ་གཏོང་བ། ཡ་རབས་ཁྱིམ་ཚང་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་བཅས་འགོ་འཛུགས་སར་བྱས་ཏེ། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བཅའ་ཁྲིམས་བློ་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཉེན་སྒྲིག་ཐོ་འགོད་ཀྱི་འབྲེལ་ཡོད་གཏན་འབེབས་དང་། གཉེན་སྒྲིག་གི་འབྲེལ་བ་ཆགས་པ་དང་མེད་པར་གྱུར་བ། བཟའ་ཚང་དབར་གྱི་ཁེ་དབང་དང་འོས་འགན། དེ་བཞིན་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། “བཟའ་ཚང་མ་བྲལ་གོང་གི་བསམ་བློ་གཏོང་བའི་དུས་ཚོད” “བཟའ་ཚང་ཁ་ཐོར་རྗེས་ཀྱི་བུ་ཕྲུག་གསོ་སྐྱོང་ཁེ་དབང་གི་གནད་དོན”སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ནས་སྒྲོག་འགྲེལ་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་དབང་དང་སྒྲུབ་དགོས་པའི་འོས་འགན་སྔར་བས་ཁ་གསལ་དང་ཡང་དག་ཤེས་རྟོགས་ཐུབ་པ་མ་ཟད། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་སྲོལ་བཟང་ཞིག་ཆགས་ཡོད།

    ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་400ལྷག་ཙམ་སྤྲད་པ་དང་། མི་ཐེངས་30ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ། སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་800ལྷག་ཙམ་ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།