དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    ལྗོངས་ཁྲིམས་འཛིན་ཐིང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་སྔར་བས་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-23

    ཚེས་21ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལྗོངས་ཁྲིམས་འཛིན་ཐིང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲིར་དམ་འཛིན་བྱས་ཡོད། ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ལས་ཀ་བྱེད་སྟངས་གསར་གཏོད་དང་། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་མཐུན་སྦྱོར་གྱི་ལམ་སྲོལ་ལ་གཞིགས་པ། རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ནས་འགན་འཁྲི་དོན་འཁྱོལ་འབྲེལ་མཐུད་མཉམ་སྒུལ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ཡོད། ཐིང་ཁོངས་གཏོགས་ཀྱི་རིམ་ཁག་སྲིད་དོན་ལྟ་བཤེར་ལས་དོན་གྱི་གསལ་ཐོ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གསལ་ཐོ་ཅན་གྱི་དོ་དམ་དང་ལས་ཐོའི་རྣམ་པའི་སྐུལ་འདེད་བཏང་བ་བརྒྱུད་དམིགས་ཚད་ལ་གཞིགས་ནས་འགན་འཁྲི་ལྡོག་འདེད་དང་དུས་བཀག་ལྟར་འཕེལ་རིམ་ལ་ལྡོག་འདེད་བཏང་ནས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་སུ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་མཐའ་གཅིག་ཏུ་བྱས་ཡོད། འདི་ལོའི་ཟླ་10པའི་ཟླ་མཇུག་བར། སྲིད་དོན་ལྟ་བཤེར་ལས་འགན་གྱི་གསལ་ཐོ་ཁག་679ཡི་ནང་ནས་ཁག་501ལེགས་སྒྲུབ་བྱས་པ་དང་། ཁག་178ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལེགས་སྒྲུབ་བྱེད་ཚད་73.8%ཟིན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཆབ་སྲིད་ཀྱི་བྱང་ཚད་ལ་གཞིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ལམ་ལུགས་བཟོས་ནས། ཟླ་རེར་ངེས་པར་དུ་སྦྱོང་བ་དང་སྒྲུབ་དགོས་པའི་གསལ་ཐོ་བཀྲམ་སྟེ་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་གི་ནང་དོན་ཁ་གསལ་བཟོས་ཡོད། ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲིའི་གསལ་ཐོ་བཟོས་ནས“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་བཏོན་ནས་ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་བསམ་འཆར་དང་། དེ་བཞིན་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱིས་ཁྲིམས་འཛིན་ཐེ་ཇུས་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”གྱི་ལག་བསྟར་ཞིབ་སྲོལ་སོགས་ཀྱི་ལམ་ལུགས་བཟོས་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་།“དོན་ཆེན་བཞི”དང“འགན་ལེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”དམིགས་པ། “མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་དང་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་བཅའ་ཁྲིམས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།