གཉའ་ནང་རྫོང་མི་དམངས་ཁྲིམས་ཁང་གིས།
“ཞུ་གཏུག་དང་འདུམ་འགྲིག་སྦྲེལ་མཐུད”ཁྱབ་གདལ་བཏང་ནས་ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་ལ་དམ་འཛིན་ནན་པོ་བྱས་པ།
འདི་ལོ་ནས་བཟུང་། གཉའ་ནང་རྫོང་མི་དམངས་ཁྲིམས་ཁང་གིས“ཞུ་གཏུག་དང་འདུམ་འགྲིག་སྦྲེལ་མཐུད”ཀྱི་སྣ་མང་འདུམ་འགྲིག་གི་ལས་ཀའི་ལམ་སྲོལ་ཁྱབ་གདལ་ཧུར་ཐག་བཏང་ནས་འགལ་ཟླ་དང་རྩོད་གཞི་མང་པོ་ཞིག་ཞུ་གཏུག་མ་བརྒྱབ་གོང་དང་འབྱུང་རྩ་ནས་ཐག་གཅོད་བྱས་པས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ལ། དོ་བདག་གི་གཏུག་བཤེར་མ་གནས་དང་ཁྲིམས་འཛིན་མ་གནས་ཀྱང་དམའ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར་ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་གྱོད་གཞི་ཁྱོན་57བདག་སྤྲོད་བྱས་པ་དེས་འདྲི་གཅོད་དང་པོའི་དམངས་དོན་གྱོད་གཞིའི་55%ཟིན་པ་དང་། གྱོད་གཞི་55འདུམ་འགྲིག་བྱས་པ། འདུམ་འགྲིག་ཐུབ་ཚད་96.5%ཟིན་པ། གྱོད་གཞི་9འཕྲལ་དུ་ལག་བསྟར་བྱས་པ། དམིགས་བྱའི་དངུལ་འབོར་སྒོར་28000ལྷག་ཙམ་ལག་བསྟར་བྱས་པ་རེད།
སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་ཤུགས་བརྒྱབ་ནས་ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་ལས་དོན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ལམ་ལུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། ཞུ་གཏུག་མ་བརྒྱབ་གོང་གི་འདུམ་འགྲིག་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཕུགས་ཕན་ཅན་བཅས་ཀྱི་དོ་དམ་མངོན་འགྱུར་བྱུང་ཡོད། 《གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་ལས་ཀའི་ཚད་གཞི》དང་། 《ཁག་བགོས་ཁྲུན་གཅོད་ལས་ཀའི་ལམ་སྲོལ》 《གཏུག་བཤེར་དང་གཏུག་བཤེར་མིན་པའི་སྦྲེལ་མཐུད་ལམ་སྲོལ》 《གཏུག་བཤེར་དང་འདུམ་འགྲིག་སྦྲེལ་མཐུད་ལམ་སྲོལ》སོགས་ཀྱི་ལམ་ལུགས་སྔ་རྗེས་སུ་བཟོས་ནས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་འགལ་ཟླ་དང་རྩོད་གཞི་སེལ་བའི་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པ་རེད།
ལས་རིམ་འཁོར་རྒྱུག་ཐད་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྱོད་གཞིའི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱས་པ། གྱོད་ཐོ་འགོད་པའི་དུས་མཚམས་ནང་གྱོད་གཞི་རྙོག་བསྡུས་ཁག་བགོས་བྱས་ནས་དོ་བདག་གིས་ཞུ་གཏུག་མ་བྱས་གོང་འདུམ་འགྲིག་བྱེད་རྒྱུ་མོས་མཐུན་བྱས་པའི་གྱོད་གཞི་ཚང་མ་ཞུ་གཏུག་མ་བརྒྱབ་གོང་འདུམ་འགྲིག་བྱེད་པའི་ལས་རིམ་ནང་བཅུག་སྟེ། ཞུ་གཏུག་དང་འདུམ་འགྲིག་སྦྲེལ་མཐུད་ལྟེ་གནས་ཀྱིས་འདུམ་འགྲིག་ལས་དོན་སྤེལ་བ་རེད། འདུམ་འགྲིག་ཐུབ་པའི་གྱོད་གཞིར་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ཡི་གེ་བཏོན་པའམ་ཡང་ན་ཁྲིམས་འཛིན་གཏན་འཁེལ་གྱི་བཀའ་བཅད་ཡི་གེ་བཏོན་པ་དང་། འདུམ་འགྲིག་ཡག་པོ་མ་བྱུང་བའི་སྟབས་བདེའི་གྱོད་གཞི་ཁྲུན་གཅོད་མྱུར་པོ་དང་འདྲི་གཅོད་མྱུར་པོའི་ཚོགས་པར་བརྒྱུད་སྤྲོད་བྱས་ནས་གྱོད་གཞིར་འདྲི་ཞིབ་བྱེད་པའི་སྤུས་ཚད་ལ་འགན་ལེན་བྱས་པ་དང་དུས་མཚུངས་ཁྲིམས་ར་མགྱོགས་མྱུར་འཚོག་པ་དང་། འདྲི་ཞིབ་མགྱོགས་མྱུར་བྱེད་པ། གྱོད་ཐག་མགྱོགས་མྱུར་བཅད་པ་རེད།
ཆ་འཕྲིན་ཅན་བཀོལ་སྤྱོད་ལ་ཤུགས་བརྒྱབ་ནས་སྣེ་མང་འདུམ་འགྲིག་གི་ཐབས་ལམ་བཟོས་པ། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དེ་རྩོད་གཞི་སྣ་མང་ཐག་གཅོད་བྱེད་པའི་ལམ་སྲོལ་དུ་སྤྱོད་པར་སྣང་ཆེན་བྱས་ཤིང་། “མི་དམངས་ཁྲིམས་ཁང་གི་དྲ་ཐོག་ཞབས་ཞུ”དང“མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས”སོགས་ཆ་འཕྲིན་ཅན་གྱི་ལས་སྟེགས་འདེགས་སྐྱོར་དུ་བྱས་ནས“དྲ་སྦྲེལ་དང་འདུམ་འགྲིག་ཟུང་འབྲེལ”གྱི་ལས་དོན་སྒྲུབ་སྟངས་ཁྱབ་གདལ་བཏང་སྟེ། དྲ་ཐོག་ཏུ་གྱོད་ཐོ་འགོད་པའི་རྨང་གཞིའི་ཐོག་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་འདུམ་འགྲིག་བྱས་པས། འདུམ་འགྲིག་དང་། གྱོད་ཐོ་འགོད་པ། ཁྲིམས་འཛིན་གཏན་འཁེལ་བཅས་སྦྲེལ་མཐུད་ནུས་ལྡན་བྱུང་ཡོད།
སློབ་གསོ་གསོ་སྦྱོང་ཐད་ནུས་ཤུགས་བཏོན་ནས་མི་དམངས་འདུམ་འགྲིག་པའི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་བ། རྫོང་ཁྲིམས་འཛིན་ཅུས་དང་མཉམ་འབྲེལ་ཧུར་ཐག་བྱས་ནས་གསར་དུ་བསྡུས་པའི་ཆེད་བསྐོས་མི་དམངས་འདུམ་འགྲིག་པར་ཆེད་དོན་གསོ་སྦྱོང་བྱས་པ་དང་། འདུམ་འགྲིག་ལ་མཁོ་བའི“རྨང་གཞིའི་རིགས་པའི་གཞུང་ལུགས་དང་། རྒྱུན་སྤྱོད་ཐབས་རྩལ། དཔེ་མཚོན་གྱོད་དཔེ”བཅས་ལ་གཙོ་གནད་དུ་དམིགས་ཏེ་འདུམ་འགྲིག་པས་ཤེས་སྦྱོར་གཅིག་མཐུན་དང་། ཉམས་མྱོང་གསོག་འཇོག གྱོད་དོན་དང་ཟུང་འབྲེལ་དམ་ཟབ། རྩོད་གཞི་ཐག་གཅོད་འོས་འཚམ་བཅས་ཇི་ལྟར་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བར་རྨང་གཞི་བཏིང་ཡོད། “མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས”དང“སྣ་མང་འདུམ་འགྲིག(བྱ་རིམ་ཆུང་གྲས)”འོས་སྦྱོར་བེད་སྤྱོད་བྱས་པ་མ་ཟད། དྲ་ཐོག་ནས་འདུམ་འགྲིག་ཇི་ལྟར་བྱེད་པ་དང་། དེ་བཞིན་གྱོད་གཞིའི་ཆ་འཕྲིན་ཕབ་འཇུག་དང་། ཞིབ་བཤེར། མིང་རྟགས་འགོད་སྟངས་སོགས་ས་གནས་ས་ཐོག་ཏུ་བསླབས་པ་མ་ཟད། འདུམ་འགྲིག་པས་དྲ་ཕྱི་དང་དྲ་ཐོག་གཉིས་ཀ་ནས་འདུམ་འགྲིག་བྱེད་པའི་ཐབས་ལམ་སྤྱོད་པར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཁྲིད་སྟོན་དུད་སྣེའི་ཁྲིམས་སྐྱོང་སྟོབས་ཤུགས་སྐྱེད་སྲིང་བྱས་པ་རེད།