གཞིས་རྩེའི་དྲ་བའི་ཐད་གཏོང་བྱེད་མཁན་4སྐོང་འདྲི་བྱས་པ།
ཉེ་ཆར། དྲ་དམངས་ཀྱིས་སྤྱི་བདེ་ལས་ཁུངས་ལ་གར་སྟེགས་ག་གེ་མོར་ལྗོངས་ནང་ཁུལ་གྱི་དྲ་བའི་ཐད་གཏོང་བྱེད་མཁན་ཁ་ཤས་ཀྱིས་མི་མང་པོའི་དོ་སྣང་ཡོང་བ་དང་། ལྟ་མཁན་མང་དུ་འགྲོ་བ། ལག་རྟགས་དེ་བས་མང་བ་རག་པ་བཅས་བྱ་ཆེད། ཐད་གཏོང་བྱེད་རིང་མ་རབས་ཐ་ཤལ་གྱི་བྱེད་སྤྱོད་སྤེལ་བ་དང་བཙོག་གཏམ་གང་བྱུང་དུ་ཤོད་པས། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པའི་སྐོར་ཐེར་འདོན་བྱས་པ་རེད།
ཁུངས་སྣེ་ཤེས་རྗེས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གིས་བསམ་གྲུབ་རྩེ་ཆུས་དང་། བཞད་མཐོང་སྨོན་རྫོང་། པ་སྣམ་རྫོང་སྤྱི་བདེ་ཅུས་བཅས་ཀྱི་དྲ་རྒྱའི་བདེ་འཇགས་རུ་ཆེན་དང་མཉམ་དུ་ཁྲིམས་ལྟར་ས་གནས་དེ་གའི་དྲ་བའི་ཐད་གཏོང་བྱེད་མཁན་4སྐོང་འདྲི་བྱས་པ་དང་། དེའི་ནང་ནས་བྱེད་སྤྱོད་ཧ་ཅང་ངན་ཞིང་སྤྱི་ཚོགས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་དྲ་བའི་ཐད་གཏོང་བྱེད་མཁན་1ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། 2023ལོའི་ཟླ་10པར། དྲ་བའི་ཐད་གཏོང་བྱེད་མཁན“བཞད་གཞུང་སྨྱོན་པ”(དངོས་མིང་བཀྲ་ཆེ་གེ་མོ)ཞེས་པས་དྲ་བའི་ཐད་གཏོང་བྱེད་མཁན་བུད་མེད་ཁ་ཤས་དང“PK”བྱེད་རིང་། བཙོག་གཏམ་ཐེངས་མང་བཤད་པ་མ་ཟད། མ་རབས་ཐ་ཤལ་གྱིས་བུད་མེད་ལ་བརྙས་བཅོས་སྣ་ཚོགས་བྱས་ནས་དྲ་རྒྱའི་བར་མཐོངས་སུ་ཤུགས་རྐྱེན་ངན་པ་བཟོས་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། དྲ་བའི་ཐད་གཏོང་བྱེད་མཁན“ཉིས་རྡེབ་གཉིས་པ”(དངོས་མིང་ཟླ་ཆེ་གེ་མོ་དང་ཟླ་ཆེ་གེ་མོ)ཞེས་པའི་མི་གཉིས་ཀྱིས“PK”བྱེད་རིང་མ་རབས་ཐ་ཤལ་གྱིས་དམའ་འབེབས་ཐེངས་མང་བྱས་པ་མ་ཟད། ཚུལ་མིན་གྱི་བྱེད་སྤྱོད་ལས་དྲ་རྒྱའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། དྲ་བའི་ཐད་གཏོང་བྱེད་མཁན“སྣང་སྐྱིད་སྐྱེས་པ”(དངོས་མིང་ཕུར་ཆེ་གེ་མོ)ཞེས་པས་ཐད་གཏོང་བྱེད་མཁན་བུད་མེད་གཞན་དང“PK”བྱེད་རིང་ཕན་ཚུན་འཕྱ་སྨོད་བྱེད་པ་མ་ཟད། རྒྱག་རེས་རྒྱག་རྒྱུའི་ཁ་ཆད་བྱས་པའི་མ་རབས་ཐ་ཤལ་གྱི་བྱེད་སྤྱོད་ལས་དྲ་རྒྱའི་བར་མཐོངས་སུ་ཤུགས་རྐྱེན་ངན་པ་བཟོས་ཡོད།
གོང་གི་དྲ་བའི་ཐད་གཏོང་བྱེད་མཁན་དག་གིས་དྲ་ཐོག་ཐད་གཏོང་དང་བརྙན་ཐུང་བརྒྱུད་བསྒྲགས་ལས་སྟེགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གྱི་སྲོལ་བཟང་ལས་འགལ་ནས་ཁྲིད་སྟོན་ངན་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ལྷག་པར་དུ་བཀྲ་ཆེ་གེ་མོའི་བྱེད་སྟངས་དེ་ཁྲིམས་ལས་འགལ་བས། དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལྟར་བཀྲ་ཆེ་གེ་མོར་སྒོར་300ཡི་སྲིད་འཛིན་ཆད་པ་བཅད་པ་མ་ཟད། དེ་དང་འབྲེལ་བ་ཡོད་པའི་དྲ་བའི་ཐད་གཏོང་བྱེད་མཁན་རྣམས་སྐོང་འདྲི་བྱས་པ་རེད།