དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་ཚེ་ལས་འདས་རུང་རྒན་གསོའི་དངུལ་བླངས་པ།

    —— དཔའ་ཤོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྒན་གསོའི་དངུལ་ལེན་པའི་ཞན་ཆ་དུས་ཐོག་ཏུ་བཀག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    འདི་ནི་དཔང་ཉན་ཚོགས་འདུའི་ཡུལ་དངོས་ཡིན་པ།

    མི་ཚེ་ལས་འདས་རུང་། ད་དུང་དེའི་རྒན་གསོའི་དངུལ་ལེན་པ་ནི་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ནམ་ཞེ་ན། དེ་ནི་མི་མཐུན་པ་ཞིག་གཏན་གཏན་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》ཀྱི་དོན་ཚན་གྱ་བརྒྱད་པ་དང་གོ་བཞི་པའི་གཏན་འབེབས་ལྟར་ན། མགོ་སྐོར་གཡོ་ལེན་དང་དཔང་རྟགས་དང་དཔྱད་ཡིག་རྫུན་མ་བཟོ་བའམ་ཡང་ན། བྱེད་ཐབས་གཞན་ལ་བརྟེན་ནས་སྤྱི་ཚོགས་འགན་བཅོལ་ནས་དངུལ་གཡོ་ལེན་བྱས་རིགས་ལ། སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཚན་གྱིས་གཡོ་ལེན་བྱས་པའི་སྤྱི་ཚོགས་འགན་བཅོལ་དངུལ་ཕྱིར་སློག་དགོས་པའི་བཀའ་གཏོང་དགོས་ལ། གཡོ་ལེན་བྱས་པའི་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་དགོས། གལ་ཏེ་ཉེས་གསོག་གི་ཚད་གཞིར་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་སྐབས། ཁོངས་གཏོགས་ཁུལ་དུ་ཚེ་ལས་འདས་པའི་མི་ཁག་གཅིག་གི་རྒན་གསོའི་དངུལ་མི་གཞན་གྱིས་གཡོ་ལེན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    ཞིབ་དཔྱོད་ཁང་དེས་ཁུངས་སྣེ་བདག་སྤྲོད་བྱས་རྗེས། འཕྲལ་མར་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་སྔར་བས་བརྟག་དཔྱད་དང་ཞིབ་བསྡུར་བྱས་པ་རེད། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ཁག་དང་མཉམ་དུ་རྒན་གསོའི་དངུལ་ལེན་མཁན་གྱི་མིང་ཐོ་གྲལ་བཤེར་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་ནས་ཚེ་འདས་ཀྱི་དཔང་ཡིག་དང་དངུལ་ཁང་གི་ཞིབ་ཕྲའི་རྩིས་ཐོ་སོགས་ཀྱི་དཔང་རྟགས་དཔྱད་ཡིག་བླངས་རྗེས། 2010ལོ་ནས་བཟུང་། རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་མང་པོ་ཞིག་ཏུ་ཚེ་འདས་313གྱི་རྒན་གསོའི་དངུལ་སྒྲིག་འགལ་ངང་བླངས་པ་དང་། ཁྱོན་སྒོར་ཁྲི་239.58ཟིན་པ་ཤེས་རྟོགས་བྱུང་བ་རེད།

    གཏན་འབེབས་ལྟར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལེན་མཁན་ཚེ་ལས་འདས་རྗེས། ཟླ་བ་རྗེས་མ་ནས་བཟུང་དེའི་རྒན་གསོའི་དངུལ་སྤྲོད་མཚམས་འཇོག་གི་ཡོད། སྤྱི་ཚོགས་འགན་བཅོལ་སྒྲིག་གཞིས་ལོ་ལྟར་རྒན་གསོའི་དངུལ་ལེན་མཁན་ཚོར་འཚོ་གནས་བྱེད་བཞིན་ཡོད་པའི་བདེན་དཔང་ར་སྤྲོད་བྱེད་དུ་བཅུག་ནས། གཞི་རྩའི་རྒན་གསོའི་དངུལ་གཡོ་ལེན་བྱེད་རྒྱུ་བཀག་འགོག་བྱེད་དགོས།

    མིག་སྔའི་བར། འབྲེལ་ཡོད་སྲིད་འཛིན་འགན་ནུས་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས། དངུལ་ཁང་བཅས་དང་། དེ་བཞིན་འབྲེལ་ཡོད་ཤང་དང་གྲོང་རྡལ་གྱི་འབད་བརྩོན་ལྷོད་མེད་འོག སྒྲིག་འགལ་ངང་བླངས་པའི་རྒན་གསོའི་དངུལ་སྒོར་ཁྲི་123.21ཚུར་བླངས་པ་དང་དེ་འཕྲོས་ཀྱི་སྒོར་ཁྲི་116.37བདའ་འདེད་གཏོང་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་དཔའ་ཤོད་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ་དུ་ཞིང་འབྲོག་མང་ཚོགས་ལ་རྒན་གསོའི་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་དང་། ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས། སྒྲིག་འགལ་ངང་རྒན་གསོའི་དངུལ་བླངས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས་མིན་ཤེས་སུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།