བརྗེད་ངད་ཅན་གྱིས་ཆུ་སྒོ་བཀག་རྒྱུ་བརྗེད། མཐའ་མ་ཁང་པ་གསར་པ་ཆུ་ཡིས་བརྒྱངས།
ཉེ་ཆར། ལྷ་སའི་གྲོང་མི་ལི་ཆེ་གེ་མོས་ཚོང་འཕྲིན་ཚགས་པར་གྱི་ཐད་སྦྲེལ་ཁ་པར་བརྒྱབ་ནས་གནས་ཚུལ་ཞུས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་མེ་ཁའེ་མེ་མཛེས་བཟོ་ལས་གྲྭ་ཚད་ཡོད་ཀུང་སིས་ཟླ་10ཚེས་27ཉིན་ལས་ཐག་བཅད་རྗེས་ལྷོད་གཡེང་ཤོར་ནས་ཆུ་སྒོ་བཀག་རྒྱུ་བརྗེད་རྐྱེན་གྲོང་མི་ལི་ལགས་ཀྱི་ཁང་པ་གསར་པ་ཆུ་ཡིས་བརྒྱངས་པ་མ་ཟད། དཀར་གཅལ་གྱི་ཚོས་གཞི་འགྱུར་བ་དང་གྱང་དང་ས་ངོས་འབྲེལ་མཚམས་སུ་ཆུ་ཤུལ་མངོན་པ་སོགས་པའི་གནས་ཚུལ་ཐོན་ཏེ་མཛེས་བཟོ་བྱེད་པའི་མྱུར་ཚད་ལ་ཤུགས་རྐྱེན་ཐེབས་པས། ཨར་ལས་ཕྱོགས་ཀྱིས་འགན་འཁྲི་འཁུར་ནས་གནད་དོན་ཐག་གཅོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད།
ཁང་བདག་གིས་བཤད་པར།
ཁང་པ་གསར་པའི་ནང་ཆུ་ཆུ་ཚོད་20འཁྱིལ་བས་གྱང་ངོས་ཀྱི་དཀར་གཅལ་ལ་གནད་དོན་ཐོན་འདུག
ཐད་སྦྲེལ་ཁ་པར་འབྱོར་རྗེས། གསར་འགོད་པ་མཛེས་བཟོ་བྱེད་བཞིན་པའི་ལི་ཆེ་གེ་མོའི་ཁང་པ་གསར་པར་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད། ཁང་པ་དེ་ལྷ་སའི་ཤར་འདབས་ཀྱི་དབྱངས་སྐྱིད་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་སྟར་པ་2པའི་ཐོག་སོ་10པར་གནས་ཡོད་པ་དང་ཁང་པའི་ནང་དུ་འཛུལ་རྗེས་གསར་འགོད་པས་གྱང་དང་ས་ངོས་འབྲེལ་མཚམས་སུ་མཐོ་ཚད་ལ་ལི་སྨི་6ནས་12བར་གྱི་ཆུ་ཤུལ་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་ཤེས་རྟོགས་བྱུང་། ལི་ཆེ་གེ་མོས། དེ་ནི་ལྷ་ས་གྲོང་ཁྱེར་མེ་ཁའེ་མེ་མཛེས་བཟོ་ལས་གྲྭ་ཚད་ཡོད་ཀུང་སིའི་མཛེས་བཟོ་བས་ཟླ་10ཚེས་27ཉིན་ལས་ཐག་བཅད་རྗེས་ཐབ་ཚང་གི་ཆུ་སྒོ་མ་བཀག་པ་ལས་བཟོས་པའི་གནས་ཚུལ་ཞིག་རེད་ཅེས་བརྗོད། ལི་ཆེ་གེ་མོས་ཟླ་10ཚེས་28ཉིན་ཁང་པ་མཛེས་བཟོ་བྱེད་མཁན་ལ་སྡོད་ཁང་མཛེས་བཟོའི་མྱུར་ཚད་སྐོར་སྐད་ཆ་འདྲི་སྐབས། ཨར་སྐྲུན་ཕྱོགས་ཀྱིས་ཁང་པར་ཆུ་འཁྱིལ་བའི་གནས་ཚུལ་ཇི་མ་ཇི་བཞིན་མ་བཤད་པར“ཆུ་སྒོ་བཀག་རྒྱུ་བརྗེད་ནས་ཐབ་ཚང་ནང་དུ་ཆུ་ཕྲན་ཙམ་དོན་འདུག”ཅེས་བརྗོད།
ཟླ་10པའི་ཚེས་28ཉིན་གྱི་སྔ་དྲོར། ལི་ཆེ་གེ་མོར་ཁྱེད་ཀྱི་ཁང་པའི་ནང་ཆུ་དོན་ནས་ངའི་ཁང་པའི་གནམ་གཅལ་ཆུས་སྦངས་པ་མ་ཟད། ཁང་པ་མང་པོར་ཆུ་འཁྱིལ་འདུག་ཅེས་ཐོག་སོ་དགུ་པའི་ཁྱིམ་མཚེས་ཀྱི་ཁ་པར་ཞིག་འབྱོར། ཉིན་དེའི་ཕྱི་དྲོར། ལི་ཆེ་གེ་མོ་ཁང་པའི་ནང་སྐྱོད་སྐབས། ཁང་པ་ཚང་མ་ཆུས་ཁེངས་པ་དང་། ཁང་པའི་གྱང་ངོས་དང་ས་ངོས་འབྲེལ་མཚམས་སུ་ཆུ་ཤུལ་མངོན་གསལ་དོད་པོ་ཡོད། “ཁང་པའི་ནང་ཧ་ལམ་ཆུ་ཚོད་20ཙམ་ཆུ་འཁྱིལ་བ་དང་། ངའི་ཁྱིམ་གྱི་སྒོའི་སར་ཆུ་མཐོ་ཚད་སྐར་མ་དྲུག་བདུན་ཙམ་ཟིན་པ་མ་ཟད། ཆུ་ཁང་པའི་ཕྱི་རོལ་གྱི་སྤྱི་པའི་ས་ཁོངས་སུ་བཞུར་བཞིན་འདུག ངའི་ཁང་པ་ཚང་མ་ཆུས་ཁེངས་ནས་དཀར་གཅལ་གྱི་ཚོས་གཞི་འགྱུར་བ་མ་ཟད། ས་ནས་བར་ཐག་ཧ་ལམ་ལི་སྨི་བཅུ་གྲངས་ཡོད་པའི་གྱང་ཚང་མ་ཆུས་ཚོས་འདུག”ཅེས་བརྗོད།
དེ་རྗེས། ལི་ཆེ་གེ་མོས་ཨར་ལས་ཕྱོགས་དང་འབྲེལ་གཏུག་བྱས་ཏེ་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱས། འོན་ཀྱང་ཨར་ལས་ཕྱོགས་ཀྱིས་ཉིན་25སྒུག་དང་། ཁང་པ་རང་བཞིན་གྱིས་སྐམ་ན་མུ་མཐུད་ཨར་ལས་བྱས་ཆོག་ཅེས་བརྗོད་པ་དང་། ཨར་ལས་ཕྱོགས་ཀྱིས་ད་དུང་ལི་ཆེ་གེ་མོར་ཆུས་སྦངས་ན་དཀར་གཅལ་གྱི་སྤུས་ཚད་དང་ཚོས་གཞིར་འགྱུར་བ་ཐེབས་མི་སྲིད་པས། ཁང་པ་རྦད་དེ་སྐམ་རྗེས་ང་ཚོས་སྔར་བས་ཞིབ་བཤེར་བྱས་ནས་ཚོས་གཞི་འགྱུར་བའམ་ཡང་ན་ཆུ་སྦོས་ཐེབས་པའི་དཀར་གཅལ་ལོགས་སུ་བརྗེ་ཆོག་ལ། གྱང་ངོས་སུ་མངོན་པའི་ཆུ་ཤུལ་ཡང་རྗེས་སུ་ཉམས་གསོ་བྱས་ཆོག་ཅེས་བརྗོད།
ཨར་སྐྲུན་ཕྱོགས་ཀྱིས་བཤད་པར།
ཁང་པ་སྐམ་རྗེས་གནད་དོན་ཡོད་པའི་ དཀར་གཅལ་བརྗེས་ཆོག
དེ་རྗེས་གསར་འགོད་པས་ལྷ་ས་གྲོང་ཁྱེར་མེ་ཁའེ་མེ་མཛེས་བཟོ་ལས་གྲྭ་ཚད་ཡོད་ཀུང་སི་དང་འབྲེལ་བ་བྱས། ཀུང་སི་དེའི་ལས་སྒོའི་ཅིང་ལི་ཧོང་ཀོན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11ཚེས་2ཉིན། མཛེས་བཟོ་ཀུང་སིའི་ལས་མི་དང་དེ་བཞིན་ཧུང་ཤིང་མེ་ཁའེ་ལུང་དཀར་གཅལ་ཚོང་ཁང་གི་སྦྱིན་བདག་ལི་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་དེ་དཀར་གཅལ་གྱི་ཚོས་གཞི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཨར་ལས་ཕྱོགས་ཀྱིས“གལ་སྲིད་དཀར་གཅལ་གྱི་ཚོས་གཞི་འགྱུར་ཚེ་ངས་དེ་དག་བརྗེས་ཆོག་ཅེས་ཁང་བདག་ལ་ཁས་བླངས་པ་ཡིན། ད་ཆ་དཀར་གཅལ་སྟེང་གི་ཆུ་ཤུལ་དེ་དག་ཨ་ཅོར་གྱིས་ཕྱིས་ན་གཙང་མ་ཕྱིས་ཐུབ་ཀྱི་འདུག”ཅེས་བརྗོད།
དཀར་གཅལ་གྱི་ཚོས་གཞིར་ཧེ་བག་ཤོར་ནས་ཁང་པ་ཡོངས་ཀྱི་དཀར་གཅལ་གྱི་ཚོས་གཞི་མི་འདྲ་བར་འགྱུར་མི་ཡོང་ངམ་བསམས་པའི་ལི་ཆེ་གེ་མོའི་སེམས་ཁྲལ་ལ་དམིགས་ཏེ་ཧོང་ཀོན་ཧྭ་ཡིས་གལ་སྲིད་ཁང་བདག་གི་ཁང་པའི་དཀར་གཅལ་གྱི་ཚོས་གཞི་འགྱུར་བའི་གནས་ཚུལ་ཐོན་ཚེ་ཀུང་སིས་སྤུས་རྟགས་དང་། བཟོ་དབྱིབས། ཚོས་གཞི་བཅས་གཅིག་མཚུངས་ཀྱི་དཀར་གཅལ་བརྗེས་ཆོག་ཅེས་བརྗོད། “ཁག་མི་འདྲ་བའི་དཀར་གཅལ་གྱི་ཚོས་གཞིར་1%ནས་2%བར་གྱི་ཁྱད་པར་ཕྲན་བུ་ཡོད་སྲིད། དེར་བརྟེན་དཀར་གཅལ་མ་བརྗེས་གོང་ང་ཚོས་དཀར་གཅལ་ས་གནས་ས་ཐོག་ཏུ་ཁྱེར་ཡོང་ནས་ཚོས་གཞིར་ཁྱད་པར་མེད་པའི་འགན་ལེན་བྱེད་པ་དང་དེ་རྗེས་ཁང་བདག་གིས་དཀར་གཅལ་གྱི་ཚོས་གཞིར་ཁྱད་པར་མེད་པའི་ཁས་ལེན་བྱས་རྗེས་ང་ཚོས་དཀར་གཅལ་བརྗེ་པོ་རྒྱག་ཆོག”ཅེས་བརྗོད།
ལི་ཆེ་གེ་མོས་བཏོན་པའི་གྱང་ངོས་སུ་ཆུ་ཤུལ་མངོན་པའི་གནད་དོན་ལ་དམིགས་ཏེ། ཧོང་ཀོན་ཧྭ་ཡིས་དཀར་གཅལ་བཏིང་རྗེས་ཨར་སྐྲུན་ཕྱོགས་ཀྱིས་ཁང་པ་ཡོངས་ཀྱི་དཀར་གཅལ་གྱི་ངོས་སུ་སྲུང་སྐྱི་རིམ་པ་གཅིག་བཀབ་ཡོད། ཆུ་སྒོ་མ་བརྒྱབ་པར་ཁང་པའི་ནང་འཁྱིལ་བའི་ཆུ་སིམ་རྗེས། སྲུང་སྐྱི་ཡོད་པས་གསང་སྤྱོད་དང་ཐབ་ཚང་ནང་གི་ཆུ་རྒྱུན་གཏན་ལྟར་སིམ་མི་ཐུབ་པས། གྱང་ངོས་ནས་དཀར་གཅལ་གྱི་བར་གསེང་དུ་གཏོང་རྒྱུ་རེད། འཁྱིལ་ཆུ་བཤངས་ནའང་དཀར་གཅལ་དང་གྱང་ངོས་རློན་པ་ཆགས་པ་ལས་སྔར་བཞིན་གྱང་ལ་ཆུ་ཤུལ་མངོན་པའི་སྣང་ཚུལ་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
ཁྲིམས་རྩོད་པས་བཤད་པར།
མཛེས་བཟོ་ཀུང་སིས་སྐྱིན་ཚབ་འཇལ་འགན་འཁུར་དགོས།
གནད་དོན་དེར་དམིགས་ནས་ཧུའུ་པེ་ཝུའེ་སི་ཏེ(ལྷ་ས)ཁྲིམས་རྩོད་པའི་ལས་དོན་ཁང་གི་ཆེད་བསྐོས་ཁྲིམས་རྩོད་པ་ཧོང་ཧའོ་ཡིས། ཁང་བདག་དང་ཨར་སྐྲུན་ཕྱོགས་ཀྱིས་བཞག་པའི་གན་རྒྱ་ནི་སྤྱིར་བཏང་བྱས་ན་འགན་ལེན་གྱི་གན་རྒྱའི་ཁོངས་སུ་གཏོགས་ཤིང་། གན་རྒྱ་ནི་ཁང་པ་མཛེས་བཟོའི་དོན་དག་ལ་ཁ་ཆད་བྱས་པ་ཞིག་རེད། གལ་ཏེ་གན་རྒྱའི་ནང་དུ་ཁང་བདག་གི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་ཐད་ཁ་ཆད་བཞག་ཡོད་ན། ཨར་སྐྲུན་ཕྱོགས་ཀྱིས་ཆུ་སྒོ་མ་བཀག་པར་གྱོང་གུན་བཟོས་ན་དེ་ནི་གན་རྒྱ་དང་འགལ་བའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་གདོན་མི་ཟ། འོན་ཀྱང་ཁང་བདག་དང་མཛེས་བཟོའི་ལས་གྲྭ་ཀུང་སིས་ཐུན་མོང་ཐོག་ཕྱོགས་གསུམ་པའི་དབང་གྲགས་ལྡན་པའི་སྒྲིག་གཞིར་དཀར་གཅལ་ལ་གནོད་འཚེ་ཡོད་མེད་གསལ་འབྱེད་བྱ་རྒྱུའི་མངགས་བཅོལ་བྱེད་དགོས།
དེ་དང་ཆབས་གཅིག ཁྲིམས་མཐུན་རྒྱུ་ནོར(ཁང་པ)དེ་ཨར་སྐྲུན་ཕྱོགས་ཀྱིས་ཚད་ལྡན་མིན་པའི་བཀོལ་སྤྱོད་བྱས་པ་ལས་གནོད་འཚེ་ཕོག་པ་ཞིག་ཡིན་པ་ནི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས། དེར་བརྟེན་གན་རྒྱའི་རྩོད་གཞི་མིན་ནའང་ཁེ་དབང་ལ་བཙན་གནོད་བཏང་བའི་རྩོད་གཞི་རུ་རྩི་ཆོག 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་3པའི་གཏན་འབེབས་ལྟར་ན། དམངས་དོན་གྱི་བྱེད་པོའི་ལུས་ཁམས་ཀྱི་ཁེ་དབང་དང་། རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན་པས། རྩ་འཛུགས་གང་རུང་དང་དང་མི་སུ་འདྲ་ཞིག་གིས་ཀྱང་བཙན་གནོད་བྱས་མི་ཆོག གལ་ཏེ་ཁང་བདག་གི་རྒྱུ་ནོར་རམ་མི་ལུས་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་ན། བྱ་སྤྱོད་ཀྱི་བྱེད་པོས(མཛེས་བཟོ་ཀུང་སི)དེ་མཚུངས་ཀྱི་སྐྱིན་ཚབ་འཇལ་འགན་ཁུར་དགོས།