གསེར་གྱི་ལག་གདུབ་ལ་ཡང་ཏིག་མེད་པར་སྒོར་11000བྱས་ནས་ཉོས།
འཛད་སྤྱོད་པས་མགོ་སྐོར་ཐེབས་ལུགས་བརྗོད་པ།
གསེར་ནི་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་དང་། ཉར་ཚགས་ཀྱི་རིན་ཐང་ཆེ་ལ་རྒྱན་ཆ་ཏིག་ཏིག་ཅིག་ཀྱང་རེད། ཉེ་ཆར། ལི་ཆེ་གེ་མོས་འདི་ག་ཚགས་པར་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་ནས་རང་ཉིད་ཀྱིས་སྒོར་11000སྤྲད་ནས་ལྷ་སའི་གསེར་ཚོང་ཁང་ཞིག་ཏུ་ཡང་ཏིག་མེད་པའི་གསེར་གྱི་ལག་གདུབ་ཅིག་ཉོས་པ་ཡིན། དེ་དུས་ཚོང་ཁང་དེའི་ལས་མིས་ལག་གདུབ་ཀྱི་ལྗིད་ཚད་ལ་ཕལ་ཆེར་ཁེ་16ནས་17བར་ཡོད་ལུགས་བརྗོད། འོན་ཀྱང་དོན་དངོས་ལྗིད་ཚད་ལ་ཁེ་11ལྷག་ཙམ་ལས་མེད་པ་ཤེས་རྟོགས་བྱུང་བས། ཚོང་པར་དངུལ་ཚང་མ་སློག་དགོས་པའམ་ཡང་ན་ཕར་སྤྲད་པའི་རིན་གོང་ལྟར་གསེར་རུ་བརྗེ་དགོས་པའི་རེ་བ་བཏོན་ཡང་ཚོང་པས་ཁས་ལེན་གྱི་མི་འདུག་ཅེས་བརྗོད། འོ་ན་ཞིབ་ཕྲའི་གནས་ཚུལ་གང་འདྲ་ཡིན་ནམ། གསར་འགོད་པས་བུད་མེད་ལི་ལགས་དང་དོ་བདག་ཚོང་པར་བཅར་འདྲི་བྱས་ནས་གནས་ཚུལ་དེའི་བརྒྱུད་རིམ་ཧྲིལ་པོ་ཤེས་རྟོགས་བྱས།
①འཛད་སྤྱོད་པ།
ཡང་ཏིག་མེད་པའི་གསེར་གྱི་རྒྱན་ཆའི་ལྗིད་ཚད་དོན་དངོས་དང་མི་མཐུན་པ།
ཉེ་ཆར། ལི་ཆེ་གེ་མོས་ལྷ་སའི་གསེར་ཚོང་ཁང་ཞིག་ཏུ་ཡང་ཏིག་མེད་པར་རིན་གོང་སྒོར་11000ཡིན་པའི་གསེར་གྱི་ལག་གདུབ་ཅིག་ཉོས་པ་རེད། ལི་ཆེ་གེ་མོས་གསར་འགོད་པར་ཚོང་ཁང་དེའི་ཡང་ཏིག་མེད་པའི་གསེར་གྱི་རྒྱན་ཆ་དེར་རིན་གོང་མ་གཏོགས་ལྗིད་ཚད་གསལ་པོ་བཀོད་མེད་པས་ཚོང་ཁང་གི་ལས་མིར་ལྗིད་ཚད་འཇལ་བའི་རེ་བ་བཏོན་པ་ཡིན་ཞེས་བརྗོད།
“བཟོ་ལྟ་བདམས་ཚར་རྗེས་ངས་ཚོང་ཁང་གི་ལས་མིར་ཁེ་ག་ཚོད་ཡོད་མེད་སྐོར་ཞིབ་འདྲི་བྱས་པ་ཡིན། འོན་ཀྱང་ཚོང་ཁང་གི་ལས་མིས་ལན་གསལ་པོ་གང་ཡང་མ་བརྒྱབ་པས་ངས་ཡང་ནས་བསྐྱར་དུ་ཐེངས་གསུམ་དྲིས་ཀྱང་ཁོང་ཚོས་ལྗིད་ཚད་འཇལ་མ་སོང་། དེ་རྗེས་ཚོང་ཁང་དེའི་ལས་མི་ཞིག་གིས་ཕལ་ཆེར་ཁེ་16ནས་17ཡོད་བཟོ་རེད་ཅེས་བཤད་བྱུང་། དེ་ནས་ངས་ཁ་པར་ནས་ད་ཆའི་གསེར་གྱི་རིན་གོང་ལྟར་རྩིས་བརྒྱབ་པ་ན་རིན་གོང་ཧ་ལམ་འདྲ་པོ་རེད་འདུག་ལ། སྐབས་དེར་ང་ལ་ལས་ཀ་གཞན་ཞིག་དོན་ནས་མགྱོགས་པོ་འགྲོ་དགོས་བྱུང་བས་ཚོང་ཁང་ནས་ཐོན་པ་ཡིན”ཞེས་ལི་ཆེ་གེ་མོས་ཚོང་ཁང་དེའི་ལས་མི་ཞིག་གིས་རྗེས་སུ་བཟོ་ལྟ་མི་འདྲ་བ་བརྗེ་འདོད་ཚེ་རིན་གོང་གཅིག་མཚུངས་ཡིན་པ་ཞིག་བདམས་ན་ཆོག་ཅེས་བཤད་བྱུང་ཞེས་བརྗོད།
ཉིན་འགའི་རྗེས་སུ། ལི་ཆེ་གེ་མོས་ཡང་བསྐྱར་གསེར་ཚོང་ཁང་དེར་ཡོང་ནས་རིན་གོང་གཅིག་མཚུངས་ཀྱི་གསེར་གྱི་ལག་གདུབ་ཅིག་བློ་ལ་བབས་པས་དེ་སྔོན་ཉོས་པའི་ལག་གདུབ་དང་བརྗེ་པོ་རྒྱག་འདོད་བྱུང་། “ལག་གདུབ་དེ་གཉིས་ཀྱི་ལྗིད་ཚད་ལ་ཧེ་བག་ག་ཚོད་ཡོད་པ་ཤེས་འདོད་བྱུང་ནས་ཁོང་ཚོར་ལྗིད་ཚད་འཇལ་དུ་བཅུག་པ་ཡིན། ལྗིད་ཚད་འཇལ་ཚར་རྗེས་དེ་གོང་ཉོས་པའི་རྒྱན་ཆར་ཁེ་11ཙམ་ལས་མེད་པ་ཤེས་རྟོགས་བྱུང་། ཚོང་ཁང་གི་ལས་མིས་ཚོད་རྩིས་བྱས་པ་དང་གཏན་ནས་མི་འདྲ་བས་ཁོང་ཚོས་རྐང་བཙུགས་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་གི་འདུག”ཅེས་ལི་ཆེ་གེ་མོས་བཤད། དེ་ནས་ལི་ཆེ་གེ་མོས་ཚོང་པས་འཕྲལ་མར་དངུལ་ཚང་མ་སློག་དགོས་པའམ་ཡང་ན་དེ་གོང་སྤྲད་པའི་རིན་གོང་ལྟར་གསེར་ལ་བརྗེ་དགོས་པའི་རེ་བ་བཏོན་པ་རེད།
②ཚོང་པ།
ཡང་ཏིག་མེད་པར་རིན་གོང་གཅིག་མཚུངས་ཀྱི་གསེར་གྱི་རྒྱན་ཆ་ལས་བརྗེ་མི་ཆོག་པ།
དེ་རྗེས་གསར་འགོད་པས་གསེར་ཚོང་ཁང་དེར་ཡོང་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོཌ་བྱས་ཤིང་། སྦྱིན་བདག་གིས་སྐབས་དེ་དུས་རང་ཉིད་ནས་ལི་ཆེ་གེ་མོར་སྣེ་ལེན་ཞུས་པ་ཡིན་ཞེས་གསར་འགོད་པར་བརྗོད་པ་དང་། ལི་ཆེ་གེ་མོས་བརྗོད་པའི“ལྗིད་ཚད་མི་འཇལ་བ”དང“ཚོང་ཁང་གི་ལས་མིས་ལྗིད་ཚད་ཚོད་རྩིས་བྱེད་པ”སོཌ་ཀྱི་བཤད་སྟངས་ཁས་བླངས་མེད། “འཛད་སྤྱོད་པས་ཐོན་རྫས་གང་ཞིག་ཉོས་རུང་ང་ཚོས་ཡང་ཏིག་མེད་པའི་གསེར་དང་ལྗིད་ཚད་འཇལ་བའི་གསེར་གྱི་ཁྱད་པར་གསལ་པོ་བཤད་ནས་འཛད་སྤྱོད་པས་རང་མོས་ངང་འདེམས་སུ་བཅུག་གི་ཡོད། ལི་ཆེ་གེ་མོས་ཡང་ཏིག་མེད་པའི་རྒྱན་ཆ་བདམས་སོང”ཞེས་བརྗོད་པ་དང་། ཚོང་པས་ད་དུང“དེ་དུས་ང་ཚོས་ལྗིད་ཚད་འཇལ་རྩིས་ཡོད་མོད། འོན་ཀྱང་ཁོང་ལ་ལས་ཀ་དོན་ནས་མགྱོགས་པོ་འགྲོ་དགོས་བྱུང་བས་འཇལ་ཐུབ་མེད”ཅེས་བརྗོད།
ལི་ཆེ་གེ་མོས་བཏོན་པའི་རེ་བའི་སྐོར་ལ་ཚོང་ཁང་དེའི་འབྲེལ་ཡོད་འགན་འཁུར་བས། དངུལ་སློག་ཐུབ་ཀྱི་མེད་ལ་གསེར་ལའང་བརྗེ་ཐུབ་ཀྱི་མེད་། རིན་གོང་གཅིག་མཚུངས་ཀྱི་ཡང་ཏིག་མེད་པའི་གསེར་གྱི་རྒྱན་ཆ་ཞིག་བརྗེས་ཆོག་ཅེས་བརྗོད།
འོ་ན། ཅ་ལག་ཉོས་པའི་ཉིན་དེའི་ཞིབ་ཕྲའི་གནས་ཚུལ་གང་འདྲ་ཡིན་ནམ། ལི་ཆེ་གེ་མོས་བཤད་པ་ལྟར་ན་ལྡིར་སོ་འཕྲུལ་ཆས་ནས་བལྟས་ཀྱང་སྐབས་དེ་དུས་ཚོང་ཁང་ནང་མི་མང་པོ་ཡོད་པས་ཁོང་གཉིས་ཀྱི་སྐད་ཆའི་ནང་དོན་གསལ་པོ་གོ་མི་ཐུབ། དེ་རྗེས་ལི་ཆེ་གེ་མོས་12315ལ་ཁ་པར་བརྒྱབ་ནས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བརྟག་དཔྱད་བྱེད་པའི་རེ་བ་བཏོན་ཞིང་། མིག་སྔར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མཐུན་སྦྱོར་དང་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
③གྲོང་ཁྱེར་ལྟ་འདོམས་ཅུས།
འདི་ལོ་ཡང་ཏིག་མེད་པའི་གསེར་གྱི་ཞུ་གཏུག་ཐེར་འདོན་58བདག་སྤྲོད་བྱས་པ།
གསེར་གྱི་རྒྱན་ཆ་ཕྱིར་ཚོང་བྱེད་སྐབས་ཡང་ཏིག་མེད་པ་དང་ཁེ་ཡི་ལྗིད་ཚད་ལྟར་འཚོང་བའི་ཕྱིར་ཚོང་བྱེད་སྟངས་གཉིས་ཡོད་ཅིང་། ཡང་ཏིག་མེད་པ་ཞེས་པ་ནི་རྒྱུན་མཐོང་གི་རིན་གོང་བཀོད་ཡོད་པའི་གསེར་ཡིན་ཞིང་། དེ་དམིགས་བསལ་གྱི་བཟོ་རྩལ་ལ་བརྟེན་ནས་རྩིས་རྒྱག་གི་ཡོད། ལྗིད་ཚད་ལྟར་རྩིས་རྒྱག་པའི་གསེར་གྱི་རྒྱན་ཆར་ལྗིད་ཚད་གསལ་པོར་བཀོད་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་12315ཡིས་ཡང་ཏིག་མེད་པའི་གསེར་གྱི་འཛད་སྤྱོད་ཞུ་གཏུག་ཁྱོན་45དང་ཐེར་འདོན་གོང་ཞུ་13བདག་སྤྲོད་བྱས་ཤིང་། ཞུ་གཏུག་དེ་རིགས་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཡང་ཏིག་མེད་པའི་གསེར་གྱི་རྒྱན་ཆའི་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་པ་དང་། བཟོ་རྩལ་རྙོག་འཛིང་ཆེ་བ། དམིགས་བསལ་གྱི་ཁྱད་ཆོས་བཅས་ལྡན་ཡོད་པས་ཆ་སྙོམས་ཁེ་རེའི་རིན་གོང་ཁེ་ལྟར་ཕྱིར་ཚོང་བྱེད་པའི་གསེར་གྱི་རྒྱན་ཆ་ལས་མཐོ་བ་ཡོད། འཛད་སྤྱོད་པས་ཉོ་སྒྲུབ་བྱེད་སྐབས་ཚོང་པས་ཡང་ཏིག་མེད་པ་དང་ལྗིད་ཚད་ལྟར་རྩིས་རྒྱག་པའི་ཁྱད་པར་ལ་འགྲེལ་བཤད་མ་བརྒྱབ་པས་འཛད་སྤྱོད་པར་གོ་ནོར་ཐེབས་ཀྱི་ཡོད། དེ་མིན་གྱི་རྒྱུ་རྐྱེན་གཞན་ཞིག་ནི་གསེར་གྱི་རྒྱན་ཆ་རྙིང་པ་གསར་པར་མ་བརྗེས་གོང་ཚོང་པས་འཛད་སྤྱོད་པར་རིན་གོང་གཅིག་མཚུངས་ཡིན་པའི་རྒྱན་ཆ་གང་རུང་ལ་བརྗེ་ཆོག་གི་ཡོད་ཅེས་བཤད་ཀྱི་ཡོད་མོད། འོན་ཀྱང་དངོས་སུ་ཉོ་དུས་དམིགས་བཙུགས་ཀྱི་ཡང་ཏིག་མེད་པའི་གསེར་གྱི་རྒྱན་ཆ་ལས་བརྗེ་མི་ཆོག་པ་མ་ཟད། ད་དུང་ལས་སྣོན་གླ་ཆ་སྤྲོད་དགོས་ལ། ཐ་ན་རིན་གོང་མར་བཅག་ནས་བརྗེ་པོ་རྒྱག་གི་ཡོད།
④འཛད་སྤྱོད་དྲན་སྐུལ།
ཡང་ཏིག་མེད་པའི་གསེར་ཉོ་བར་འདི་དག་ལ་ཡིད་གཟབ་བྱེད་དགོས།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས་དོན། གསེར་གྱི་རྒྱན་ཆ་ཉོ་སྐབས། ལག་ཁྱེར་ཆ་ཚང་བ་དང་། གཉེར་སྐྱོང་ཚད་ལྡན་ཡིན་པ། བཙོངས་རྗེས་ཀྱི་ཞབས་ཞུ་འགན་ལེན་ཅུང་འཐུས་ཚང་ཡོད་པ་བཅས་ཀྱི་སྤུས་རྟགས་ཚོང་ཁང་ནས་ཉོས་ཏེ་ཉེན་ཁ་ཆུང་དུ་གཏོང་དགོས། དེ་དང་ཆབས་ཅིག གསེར་ཉོ་སྐབས་གསེར་གྱི་རྒྱན་ཆའི་ཤོག་བྱང་སོགས་ལ་ཡག་པོ་ལྟ་དགོས་པ་སྟེ། ལྕགས་རིགས་རྩ་ཆེན་གྱི་འབྲེལ་ཡོད་མཚོན་རྟགས་གཏན་འབེབས་ལ་ལྟ་དགོས། རྒྱན་ཆའི་ཤོག་བྱང་གི་ནང་དོན་ལ་བཟོ་གྲྭའི་ཚབ་གྲངས་དང་། དག་མ་ཡིན་ཚད། རྒྱུ་ཆ་བཅས་དང་དེ་བཞིན་རྡོ་རྗེ་ཕ་ལམ་གྱི་ཕྲ་བཏབ་པའི་རྒྱན་ཆའི་ཐོག་གི་རྡོ་རྗེ་ཕ་ལམ་གཙོ་བོའི(ཁེ་ལ་0.10ཡན)སྤུས་ཚད་སོགས་ཀྱི་ཆ་འཕྲིན་ཚུད་ཡོད་པ་སྟེ། དཔེར་ན་གསེར་དག་མ་ཡིན་ཚད་99%ལས་མི་དམའ་བ་ཡིན་ཚེ་རྒྱན་ཆའི་ཤོག་བྱང་ཐོག་གསེར་དག་མ་ཞེས་འབྲི་ཆོག་པ་ལྟ་བུའོ།