དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲིམས་ཁང་གིས།

    ཁང་པ་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་འདུམ་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱིས་ཞུ་གཏུག་རྒྱག་དགོས་མེད་པར་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་གང་ལེགས་སྤྱད་དེ། ཁང་པ་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་ཞུ་གཏུག་མ་བརྒྱབ་གོང་འདུམ་སྒྲིག་བྱས་པར་ཕྱོགས་གཉིས་པོའི་དོ་བདག་གི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

    གྱོད་གཞི་སྤྱི་ཁོག

    རྩོད་གཞི་དེ་ནི་2013ལོར་ཀྲང་ཆེ་གེ་མོ་དང་བློ་ཆེ་གེ་མོའི་དབར་བཞག་པའི་ཁང་པ་བོཌ་གཏོང་གན་རྒྱའི་རྩོད་གཞི་ཞིག་རེད།

    གན་རྒྱའི་གཏན་འབེབས་ལྟར་ན། སྣེ་གདོང་ཆུས་མགོན་པོ་ལམ་དུ་ཡོད་པའི་ཀྲང་ཆེ་གེ་མོའི་བོགས་གཏོང་ཚོང་ལས་ཁང་པ་ནས་ཆ་ཤས་ཤིག་བློ་ཆེ་གེ་མོར་ཐོན་སྐྱེད་གཉེར་སྐྱོང་བྱེད་པར་བོགས་མར་བཏང་བ་དང་ཀྲང་ཆེ་གེ་མོས་བློ་ཆེ་གེ་མོའི་ལག་ནས་ཁང་པ་བོགས་གཏོང་གི་ཉེན་འགོག་གཏའ་མ་སྒོར་ཁྲི་3བླངས་ཤིང་། ཕྱོགས་གཉིས་པོའི་གན་རྒྱའི་དུས་བཅད་གཙང་རྗེས་གཏའ་མ་ཚང་མ་ཕྱིར་སློག་རྒྱུའི་ཁ་ཆད་བྱས་པ་རེད།

    ཡིན་ན་ཡང་གན་རྒྱའི་དུས་བཅད་གཙང་ཡང་། ཀྲང་ཆེ་གེ་མོས་ཁ་ཆད་ལྟར་གཏའ་མ་མ་བསློགས་པས་བློ་ཆེ་གེ་མོས་ཀྲང་ཆེ་མོ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

    བརྟག་དཔྱད་ཞིབ་ཚགས་བྱས་པ།

    སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱས་རྗེས། བློ་ཆེ་གེ་མོའི་ས་ནས་འབྲེལ་ཡོད་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱེད་སྐབས། གྱོད་གཞི་དེ་ཧ་ལམ་ཚོགས་པའི་རང་བཞིན་གྱི་ཁེ་ཕན་རྩོད་གཞི་དང་འབྲེལ་བ་ཡོད་པ་ཤེས། གྱོད་གཞིའི་དོ་བདག་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་ཚོགས་པ་གཞན་དག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་ཆུང་དུས་ནས་འདུམ་སྒྲིག་བྱ་ཆེད། གྱོད་སྒྲུབ་པས་རྒྱུན་སྲོལ་གྱི་གྱོད་གཞི་སྒྲུབ་སྟངས་མ་སྤྱད་པར། རང་འགུལ་ངང་གྱོད་འབྲེལ་ཚོང་ལས་ཁང་པའི་ས་ཡུལ་དངོས་ལ་བསྐྱོད་དེ་བརྟག་ཞིབ་མཐིལ་རྟོགས་བྱས་པ་རེད།

    བརྟག་ཞིབ་བྱས་པ་བརྒྱུད། གྱོད་གཞི་དེ་དང་འབྲེལ་བའི་བོགས་ལེན་དུད་ཚང་མང་ཞིང་། ཤུགས་རྐྱེན་ཐེབས་ཁྱོན་ཆེ་བ་མ་ཟད། ད་དུང་བོགས་ལེན་དུད་ཚང་གཞན་དག་མང་པོ་ཞིག་གིས་ཁྲིམས་ཁང་གིས་གྱོད་གཞི་དེ་ཐག་གཅོད་ཇི་ལྟར་བྱེད་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། གལ་སྲིད་ཐག་གཅོད་ཡག་པོ་མ་བྱུང་ཚེ། དེ་བས་ཆེ་བའི་འགལ་ཟླ་དང་རྩོད་གཞི་ཐོན་ནས་སྤྱི་ཚོགས་ཀྱི་ཞི་མཐུན་ལ་ཤུགས་རྐྱེན་ངན་པ་བཟོ་ཉེན་ཡོད་པ་ཤེས།

    གྱོད་གཞི་ཐག་གཅོད་ཧུར་ཐག་བྱས་པ།

    གོང་དུ་ཤེས་པའི་གནད་དོན་ལ་དམིགས་ཏེ། གྱོད་སྒྲུབ་པས་ཚད་མཐོའི་མཐོང་ཆེན་གྱིས་ཞུ་གཏུག་གོང་འདུམ་སྒྲིག་བྱས་ནས་འགལ་ཟླ་དང་རྩོད་གཞི་ཚང་མ་མགྱོགས་མྱུར་ཐག་གཅོད་ཡག་པོ་བྱེད་པའི་ཐག་བཅད། དེ་རྗེས་གྱོད་སྒྲུབ་པ་ཕྱོགས་གཅིག་ནས་གྱོད་འབྲེལ་ཁྲོམ་རར་ཐེངས་མང་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་རྒྱུས་མངའ་ལོན་པ་དང་། བློ་ཆེ་གེ་མོ་སོགས་བོགས་ལེན་དུད་ཚང་20ཡི་བསམ་འཆར་དང་རེ་བ་གང་ལེགས་ཉན་པ་དང་ཆབས་ཅིག ཁོ་ཚོར་ཞུ་གཏུག་རྒྱག་དགོས་མེད་པར་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་གྱི་ལེགས་ཆ་གསལ་བཤད་ཞིབ་ཕྲ་བྱས་ནས། ཞུ་གཏུག་གོང་འདུམ་སྒྲིག་བྱས་ཏེ་རྩོད་གཞི་ཐག་གཅོད་བྱེད་རྒྱུའི་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་ལུགས་མཐུན་གྱི་ཐག་གཅོད་ཇུས་གཞི་ཡང་བཏོན་པ་རེད། ཕྱོགས་གཞན་ཞིག་ནས་ཀྲང་ཆེ་གེ་མོ་དང་འབྲེལ་གཏུག་ཐེངས་མང་བྱས་ཏེ་གཏའ་དངུལ་ད་བར་ཕྱིར་མ་བསློགས་པའི་རྒྱུ་མཚན་ལ་རྒྱུས་མངའ་བྱས་པ་དང་འབྲེལ། ཀྲང་ཆེ་གེ་མོར་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པས་མཐར་ཁྲིམས་ཁང་གིས་ཞུ་གཏུག་གོང་གི་འདུམ་སྒྲིག་བརྒྱུད། ཁང་པ་བོགས་གཏོང་གན་རྒྱའི་རྩོད་གཞི་ཐག་གཅོད་བྱེད་པའི་མོས་མཐུན་བྱས་པ་རེད། བསྡོམས་རྩིས་དང་ཞིབ་རྩིས་བསྟུད་མར་ཆུ་ཚོད་བཅུ་ལྷག་ཙམ་བརྒྱབ་མཐར་ཀྲང་ཆེ་གེ་མོས་སློག་དགོས་པའི་གཏའ་དངུལ་ལྷག་མའི་གྲངས་འབོར་གཏན་འཁེལ་བྱས་ཤིང་། ཕྱོགས་གཉིས་པོའི་དོ་བདག་ཀྱང་ཞིབ་རྩིས་གྲངས་འབོར་དང་གཏོང་སྤྲོད་བྱེད་སྟངས་ལ་མོས་མཐུན་བྱུང་བ་རེད། དེའང་ཀྲང་ཆེ་གེ་མོས་འདུམ་སྒྲིག་བྱེད་ཉིན། ས་གནས་ས་ཐོག་ཏུ་སླེབས་པའི་བོགས་ལེན་དུད་ཚང་18ལ་གཏའ་དངུལ་ལྷག་མ་ཕྱིར་བསློགས་པ་དང་། འདུམ་སྒྲིག་བྱ་ཡུལ་དུ་མ་བསླེབས་པའི་བོགས་ལེན་དུད་ཚང་ཁག་ལ་གཏའ་དངུལ་ལྷག་མ་སྤྲོད་པའི་དུས་ཚོད་ཞིབ་ཕྲ་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།