འཇོ་མདའ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས།
ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།
འདི་ནི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་པས་ཁྲོམ་གཞུང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱ་གཅིག་སྡུད་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་པས་ཚོང་ཁང་དུ་བསྐྱོད་ནས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཉེ་ཆར་འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་རྫོང་འཕྲལ་སྡོམ་དོ་དམ་ཅུས་དང་། རྫོང་ནགས་ཚལ་རྩྭ་ཐང་ཅུས། རྫོང་མེ་ཟོན་རུ་ཆེན་སོགས་དང་མཉམ་འབྲེལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། རུ་འབྲིང་དེས་མིག་སྔའི་ཁོངས་གཏོགས་ཁུལ་གྱི་མེ་ཟོན་ལས་འགན་དངོས་དང་ཟུང་འབྲེལ་བྱས་ཤིང་། སྐོར་སྐྱོད་དྲིལ་བསྒྲགས་དང་གནས་གཏན་ཁེལ་གྱི་དྲིལ་བསྒྲགས་བྱ་ཐབས་སྤྱད་དེ། མེ་གསོད་རུ་མི་སྒྲིག་འཛུགས་ཀྱིས་ཁྲོམ་གཞུང་དང་ཚོང་ཁང་དུ་ནགས་ཚལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད། གྲོང་ཁུལ་གྱི་ཁྲོམ་གཞུང་དང་། གྲོང་གསེབ་ཀྱི་ལམ་མདོ། མི་སེར་གྱི་ཁྱིམ་ཚང་། ཞིང་ནང་དང་མུ་ཁ་བཅས་སུ་མེ་གསོད་རུ་མིས་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ནགས་ཁུལ་གྱི་མི་སེར་ཚོར་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེར་གསལ་འགྲེལ་བརྒྱབ་པ་དང་། ནགས་ཚལ་མེ་ཟོན་ཤེས་བྱ་དང་རང་སྐྱོབ་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ། “ནགས་ཚལ་མེ་ཟོན་འགན་འཁྲི་ཚང་མར་ཡོད་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་དང་། དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ཆེན་པོ་དང་མེ་ཟོན་གྱི་རྣམ་པ་ཟབ་མོ་ཆགས་པར་བྱས་ནས་མིའི་རྐྱེན་ལས་བྱུང་བའི་མེ་སྐྱོན་ཐོན་ཚད་དམའ་རུ་གཏོང་གང་ཐུབ་ཅི་ཐུབ་བྱས་ཡོད། དེ་དང་ཆབས་ཅིག་མིག་སྔའི་བཅའ་སྡོད་ཁུལ་གྱི་མེ་ཟོན་དུས་བབ་དང་ཟུང་འབྲེལ་དམ་ཟབ་ཀྱིས། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་དང་རུ་མི་ཡོངས་ཀྱི་སྐོར་སྐྱོད་སྲུང་སྐྱོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། གཙོ་གནད་ཁུལ་དུ་ས་ངོས་སྐོར་སྲུང་བྱས་ནས་ནགས་ཚལ་གྱི་མེ་སྐྱོན་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། བྱ་སྤྱོད་སྔ་ཙམ་སྤེལ་ཐུབ་པ། མེ་སྔ་ཙམ་གསོད་ཐུབ་པ་བཅས་བྱས་ཤིང་། མེ་ཟོན་གྱི་འགག་སྒོ་མདུན་དུ་སྤོས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་མེ་ཟོན་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
རུ་འབྲིང་དེའི་འགན་འཁུར་བས་གོམ་སྟབས་རྗེས་མར་མུ་མཐུད་ཁོངས་གཏོགས་ཁུལ་གྱི་མེ་ཟོན་མེ་གསོད་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱས་ཏེ། ནགས་ཚལ་མེ་ཟོན་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ནགས་ཚལ་མེ་ཟོན་ལས་དོན་དམངས་ཀྱི་སེམས་སུ་ཟུག་པར་བྱས་ནས། མེ་ཟོན་དུས་སྐབས་ཀྱི་ནགས་ཚལ་མེ་ཟོན་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད་པ་རེད།