དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
6 《དམངས་དོན་ཁྲིམས་གཞུང》གི་སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།
སྤྱི་སྒྲིག་སྲོལ་བཟང་ཞེས་པ་ནི་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་གཉིས་ཀྱི་བསྡུས་མིང་ཡིན། སྤྱི་སྒྲིག་སྲོལ་བཟང་གི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོའི་བྱ་སྤྱོད་དེ་སྤྱི་པའི་སྒྲིག་ལམ་བརྩི་སྲུང་ཞུ་དགོས་ཤིང་གོམས་སྲོལ་བཟང་པོ་དང་འཚམ་པོ་ཡོང་བ་བྱེད་དགོས་པ་ལས་རྒྱལ་ཁབ་ཀྱི་སྤྱི་པའི་སྒྲིག་ལམ་དང་སྤྱི་ཚོགས་སྤྱིར་བཏང་གི་ཀུན་སྤྱོད་དང་འགལ་མི་ཆོག དེའི་ནང་གི་སྤྱི་པའི་སྒྲིག་ལམ་ཞེས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་གནས་པ་དང་འཕེལ་རྒྱས་འགྲོ་བར་དགོས་ངེས་ཀྱི་སྤྱིར་བཏང་གི་སྒྲིག་ལམ་ལ་ཟེར་ཞིང་། གོམས་སྲོལ་བཟང་པོ་ཞེས་པ་ནི་རྒྱལ་ཁབ་དང་སྤྱི་ཚོགས་གནས་པ་དང་འཕེལ་རྒྱས་འགྲོ་བར་དགོས་ངེས་ཀྱི་སྤྱིར་བཏང་གི་ཀུན་སྤྱོད་ལ་ཟེར།
སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་བྱ་སྤྱོད་སྤྱིར་བཏང་གཤམ་གསལ་གྱི་ཕྱོགས་འགའ་ཡིན་ཏེ།
(1)རྒྱལ་ཁབ་ཀྱི་སྤྱི་པའི་སྒྲིག་ལམ་ལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་དེ་དཔེར་ན་ལྐོག་ཚོང་མངགས་བཅོལ་གྱི་བྱ་སྤྱོད་ལྟ་བུ།
(2)ཁྱིམ་ཚང་གི་འབྲེལ་བར་གནོད་རྐྱེན་བཟོས་པའི་བྱ་སྤྱོད་དེ་དཔེར་བཞག་ན་ཕ་མ་ལ་མ་དངུལ་ངེས་ཅན་སྤྲད་རྗེས་འབྲེལ་ཐག་བཅད་ནས་ཞབས་ཏོག་སྒྲུབ་པའི་འོས་འགན་མི་འཁུར་བའི་གྲོས་དན་བཞག་པའི་བྱ་སྤྱོད་ལྟ་བུ།
(3)འདོད་པའི་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་དེ་དཔེར་ན་འཆལ་སྤྱོད་བྱས་ནས་དངུལ་སྤྲད་པ་ལྟ་བུ།
(4)སྟེས་དབང་གི་བྱ་སྤྱོད་དེ་དཔེ་མཚོན་ཅན་གྱི་རྒྱན་འགྱེད་ལྟ་བུ། འོན་ཏེ་སྲིད་གཞུང་གིས་དམིགས་བསལ་ཆོག་དབང་སྤྲད་ཡོད་རིགས་ཕུད།
(5)མིའི་ཁེ་དབང་དང་མིའི་ཐོབ་ཐང་ལ་རྒྱ་དང་འགལ་བའི་བྱ་སྤྱོད་དེ་དཔེར་ན་མིའི་ཉོ་ཚོང་གི་བྱ་སྤྱོད་ལྟ་བུ།
(6)དཔལ་འབྱོར་རང་དབང་ལ་ཚོད་འཛིན་བྱེད་པའི་བྱ་སྤྱོད་དེ་སྒེར་སྡེམ་བྱ་སྤྱོད་ལྟ་བུ།
(7)དྲང་སྙོམས་འགྲན་རྩོད་དང་འགལ་བའི་བྱ་སྤྱོད།
(8)འཛད་སྤྱོད་པ་སྲུང་སྐྱོབ་དང་འགལ་བའི་བྱ་སྤྱོད།
(9)ངལ་རྩོལ་པ་སྲུང་སྐྱོབ་དང་འགལ་བའི་བྱ་སྤྱོད།
(10)ཚུལ་མིན་ཁེ་ཆེན་གྱི་བྱ་སྤྱོད་བཅས་སོ།
7《དམངས་དོན་ཁྲིམས་གཞུང》གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་དང་། མི་དང་རང་བྱུང་ཁམས་དབར་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་རབས་ཉེར་གཅིག་ནི་སྐྱེ་ཁམས་ལ་ཉེན་ཁ་ཚབས་ཆེན་འཕྲད་པའི་དུས་རབས་ཤིག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཕོག་ནས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་འཇིགས་སྣང་རྒྱུན་ཆད་མེད་པར་ཕོག་ཡོད། དེར་བརྟེན། དམངས་དོན་བཅའ་ཁྲིམས་ཀྱིས་མི་སྒེར་གྱི་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ནང་དོན་གཙོ་བོར་འཛིན་དགོས། བྱེད་པོ་གང་ཞིག་ཡིན་རུང་རང་ཉིད་ཀྱི་རྒྱུན་ནོར་ལ་མི་གཞན་གྱིས་གནོད་རྐྱེན་མི་ཕོག་པའི་ཁེ་དབང་སྤྱོད་རྒྱུ་ཡོད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འོས་འགན་ཡང་འཁུར་དགོས།
ལེའུ་གཉིས་པ། རང་བྱུང་མི།
8 གང་འདྲ་ཞིག་ལ་རང་བྱུང་མི་དང་། གང་འདྲ་ཞིག་ལ་སྤྱི་དམངས་ཟེར། དེ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།
རང་བྱུང་མི་ཞེས་པ་ནི་རང་བྱུང་གི་ཆོད་ཉིད་གཞིར་བཟུང་ནས་སྐྱེས་ཤིང་འཚོ་གནས་བྱེད་པའི་ཚེ་སྲོག་བྱེ་བྲག་པ་ལ་ཟེར་ཞིང་ཁྲིམས་མིའི་གོ་དོན་དང་ཁ་གཏད་པ་ཞིག་ཡིན། སྤྱི་དམངས་ཞེས་པ་ནི་རྒྱལ་ཁབ་གཅིག་གི་རྒྱལ་ཁོངས་སུ་ཡོད་པའི་རང་བྱུང་མི་ལ་ཟེར་ཞིང་སྤྱི་ཁྲིམས་ཀྱི་ཁོངས་སུ་གཏོགས། རྒྱལ་སྤྱིའི་བཅའ་ཁྲིམས་སུ་རྒྱལ་ཁོངས་ཀྱིས་ཚད་གཞི་བྱས་ནས་རང་རྒྱལ་གྱི་སྤྱི་དམངས་དང་ཕྱི་རྒྱལ་གྱི་སྤྱི་དམངས། རྒྱལ་ཁོངས་མེད་པའི་མི་བཅས་སུ་དབྱེ་ཡོད། རང་བྱུང་མི་དང་སྤྱི་དམངས་ཀྱི་གོ་དོན་དེ་གཉིས་ལ་ཁྱད་པར་ཡོད་ལ་འབྲེལ་བའང་ཡོད་དེ་སྤྱི་དམངས་ཡིན་ཚེ་རང་བྱུང་མི་ཡིན་པས་ཁྱབ་ཀྱང་རང་བྱུང་མི་ཡིན་ཚེ་སྤྱི་དམངས་ཡིན་པས་མ་ཁྱབ་བོ།
9 ཅི་ཞིག་ལ་དམངས་དོན་ཁེ་དབང་སྤྱོད་ནུས་ཟེར་བ་དང་དེར་ཁྱད་ཆོས་གང་དང་གང་ལྡན་ཡོད།
དམངས་དོན་ཁེ་དབང་སྤྱོད་ནུས་ཞེས་པ་ནི་དམངས་དོན་བྱེད་པོར་ཁྲིམས་ལྟར་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་འོས་འགན་སྒྲུབ་པའི་ཐོབ་ཐང་ཡོད་པ་ལ་ཟེར། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་དེ་སྐྱེ་བ་ནས་འགོ་བརྩམས་ཤིང་ཤི་བའི་དུས་སུ་མཇུག་སྒྲིལ་བ་ཡིན།
རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ།
(1)གཅིག་གྱུར་གྱི་རང་བཞིན། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ལ་རང་བྱུང་མིར་དམངས་དོན་ཁེ་དབང་སྤྱོད་པའི་ཐོབ་ཐང་ཚུད་པ་མ་ཟད། རང་བྱུང་མིར་དམངས་དོན་འོས་འགན་སྒྲུབ་པའི་ཐོབ་ཐང་ཡང་ཚུད་ཡོད། དཔེར་ན། རང་བྱུང་མིར་རང་བདག་གིས་གན་རྒྱ་འཇོག་པའི་ཁེ་དབང་ཡོད་པ་མ་ཟད། གཞན་གྱིས་རང་བདག་གིས་གན་རྒྱ་འཇོག་པར་ཐེ་ཇུས་མི་བྱེད་པའི་འོས་འགན་ཡང་སྒྲུབ་དགོས།
(2)འདྲ་མཉམ་གྱི་རང་བཞིན། སྤྱིར་བཏང་ནས་བཤད་ན། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་དང་རུས་རྒྱུད། ཕོ་མོ། ལོ་ཚོད། ལས་རིགས་སོགས་པའི་རྐྱེན་གྱིས་མི་འདྲ་བ་མེད་པ་དཔེར་ན་རང་བྱུང་མི་སྐྱེས་པ་ནས་བཟུང་འདྲ་བརྙན་གྱི་ཁེ་དབང་དང་མིང་གྲགས་ཀྱི་ཁེ་དབང་། རྒྱུ་ནོར་གྱི་ཁེ་དབང་ལ་སྤྱོད་རྒྱུ་ཡོད་པ་སོགས་ཡིན། འོན་ཀྱང་སྤྱི་ཚོགས་ཀྱི་སྲིད་ཇུས་དང་སྤྱི་སྒྲིག་སྲོལ་བཟང་ལ་མནོ་བསམ་བཏང་ནས་རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ཁ་ཤས་ལ་དགོས་ངེས་ཀྱི་ཚོད་འཛིན་བྱས་ཆོག
(3)རྒྱ་ཁྱབ་ཀྱི་རང་བཞིན། རང་བྱུང་མིར་རྒྱ་ཁྱབ་ཀྱི་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པ་དང་། དེའི་ནང་དོན་ཐད་རང་བྱུང་མིའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་ཅིང་། དེའི་ནང་རྒྱུ་ནོར་གྱི་འབྲེལ་བ་དང་མི་ལུས་ཀྱི་འབྲེལ་བ་བཅས་ཁྱབ་ཁོངས་ཆེན་པོ་གཉིས་ཚུད་ཡོད།
10 མངལ་གནས་ཕྲུ་གུར་ཤུལ་ནོར་ཤུལ་འཛིན་དང་སྦྱིན་ནོར་དང་ལེན་གྱི་ཁེ་དབང་ཡོད་དམ།
རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་ནི་སྐྱེ་བ་ནས་འགོ་ཚུགས་ཤིང་ཤི་བའི་དུས་སུ་མཇུག་སྒྲིལ་བ་ཞིག་ཡིན། སྤྱིར་བཏང་ནས་བཤད་ན། སྐྱེ་བ་ཞེས་པ་ནི་མངལ་གནས་ཕྲུ་གུ་ཨ་མའི་གཟུགས་པོ་དང་བྲལ་ཞིང་ཚེ་སྲོག་མངའ་བར་ཟེར། ཤི་བ་ལ་རང་བྱུང་གིས་ཤི་བ་དང་ཤི་བ་ཁྱབ་བསྒྲགས་བྱས་པ་བཅས་གཉིས་ཚུད་ཡོད། སྤྱིར་བཏང་གི་གནས་ཚུལ་འོག མངལ་གནས་ཕྲུ་གུར་སྐྱེས་པ་ནས་བཟུང་གཞི་ནས་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པས་དམངས་དོན་ཁེ་དབང་སྤྱོད་རྒྱུ་ཡོད་ལ་དམངས་དོན་འོས་འགན་ཡང་སྒྲུབ་དགོས། འོན་ཏེ། མངལ་གནས་ཕྲུ་གུ་ནི་ཨ་མའི་ལུས་ཕུང་གི་གྲུབ་ཆ་ཞིག་ཡིན་པས་རང་རྐྱ་ཐུབ་པའི་ངང་འཚོ་གནས་བྱེད་མི་ཐུབ་ཀྱང་སྐྱེ་བ་ནི་སྔ་ཕྱི་ཙམ་ཡིན་པས་མངལ་གནས་ཕྲུ་གུར་ཐད་ཀར་སྲུང་སྐྱོབ་བྱེད་པ་ཞིག་ནི་གཞན་བརྒྱུད་ཀྱིས་མ་འོངས་པར་སྐྱེ་བའི་མི་ལ་སྲུང་སྐྱོབ་བྱེད་པ་ཡིན། དམངས་དོན་ཁྲིམས་གཞུང་གི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ལྟར་ན། ཤུལ་ནོར་ཤུལ་འཛིན་དང་སྦྱིན་ནོར་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དང་འབྲེལ་བ་ཡོད་ན། མངལ་གནས་ཕྲུ་གུ་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་རྩི་དགོས། ཡིན་ན་ཡང་མངལ་གནས་ཕྲུ་གུ་དེ་སྐྱེ་དུས་ཤི་རོ་ཡིན་ན་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡེ་ནས་མེད་པ་ཡིན།
11 ཅི་ཞིག་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཟེར།
དམངས་དོན་བྱ་སྤྱོད་སྤེལ་ནུས་ཞེས་པ་ནི་དམངས་དོན་བྱེད་པོས་རང་ཚུགས་ཀྱིས་དམངས་དོན་བཅའ་ཁྲིམས་འབྲེལ་བའི་ནང་ཞུགས་པར་གཞིར་བཞག་ཐོག་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དམངས་དོན་ཁེ་དབང་སྤྱོད་པ་དང་དམངས་དོན་འོས་འགན་འཁུར་བའི་བཅའ་ཁྲིམས་ཐོབ་ཐང་ལ་ཟེར། དམངས་དོན་བྱེད་པོའི་ལོ་ཚོད་དང་རིག་སྟོབས། སེམས་ཁམས་བདེ་ཐང་གི་གནས་ཚུལ་སོགས་པའི་རྒྱུ་རྐྱེན་གཞིར་བཞག《དམངས་དོན་ཁྲིམས་གཞུང》གིས་དམངས་དོན་བྱེད་པོར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་བཅས་རིགས་གསུམ་དུ་དབྱེ་ཡོད།
12 ཅི་ཞིག་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཟེར།
དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཞེས་པ་ནི་རང་ཉིད་ཀྱི་རང་ཚུགས་བྱ་སྤྱོད་བརྒྱུད་དེ་དམངས་དོན་ཁེ་དབང་སྤྱོད་པ་དང་དམངས་དོན་འོས་འགན་སྒྲུབ་པའི་དམངས་དོན་བྱེད་པོ་ལ་ཟེར། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལྟར་ན། ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཡིན་ལ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་སྤེལ་ཆོག་པ་ཡིན། རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་རང་ལོ་བཅུ་དྲུག་ཡན་ལ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་རྩི་དགོས།