དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཞིང་པ་ལས་མི་951ལ“གླ་ཆ་མ་རག་པའི”གནད་དོན་ཐག་གཅོད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཉེ་ཆར། སྒེར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་མི་སྤྱི་ཅུས་དང་ཡིག་བསྐུར་ཞུ་བཅར་ཅུས་དང་མཉམ་དུ་ངལ་རྩོལ་གླ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ནས་ཞིང་པ་ལས་མི་951ལ་འགྱངས་ཆད་གླ་ཆ་སྒོར་ཁྲི་1429.41ལེན་རོགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མངའ་རིས་ཀྱི་ཀུང་སི་ཞིག་གིས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་འགྲོ་ལུགས་མ་ཐོབ་པར་བཟོ་ཁང་བསྐྲུན་པས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཁྲིམས་ལྟར་ལས་མཚམས་འཇོག་དགོས་པའི་བཀའ་བཏང་བ་མ་ཟད། དངུལ་ཆད་ཀྱང་བཅད་པས་བཟོ་པ་མང་པོ་ཞིག་རང་ཡུལ་དུ་ཕྱིར་ལོག་དགོས་བྱུང་བ་རེད། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་རྫོང་མི་སྤྱི་ཅུས་དང་ཡིག་བསྐུར་ཞུ་བཅར་ཅུས་ལ་གཞུག་གི་ལས་དོན་བསྒྲུབ་རྒྱུའི་རྩིས་སྤྲད་པ་རེད། རྫོང་མི་སྤྱི་ཅུས་དང་ཡིག་བསྐུར་ཞུ་བཅར་ཅུས་ཀྱིས་འགན་འཁྲི་སྒྲུབ་རིང་བཟོ་ཁང་བསྐྲུན་མཁན་ཕྱོགས་ཀྱི་ཀུང་སི་གཉིས་ཀྱིས་ཞིང་པ་ལས་མི་951ལ་གླ་ཆ་སྒོར་ཁྲི་1429.41འགྱངས་ཆད་བྱས་པ་ཤེས་རྟོགས་བྱུང་བ་རེད།

    “གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་མཐོ་བ་དང་། གླ་ཆ་འགྱངས་ཆད་ཀྱི་གྲངས་འབོར་ཆེ་བ། འབྲེལ་ཡོད་མི་གྲངས་མང་བ་བཅས་ཡོད་པས་མགྱོགས་མྱུར་དང་འོས་འཚམ་ངང་ཐག་གཅོད་མ་ཐུབ་ཚེ་སྤྱི་ཚོགས་ཀྱི་འགལ་ཟླ་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་སླ་པོ་ཡོད” ཟླ་7ཚེས་31ཉིན་སྒེར་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་རྫོང་མི་སྤྱི་ཅུས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་རོགས་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་འབྱོར་རྗེས་འཕྲལ་དུ་ཞིབ་དཔྱོད་དཔོན་གྱིས་ཙུའུ་ཀྲང་བྱས་པའི་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་དེར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་རེད།

    དེའི་རིང་། ཆེད་དོན་གྱོད་གཞི་ཚོགས་ཆུང་སྐྲུན་འགན་འཁུར་མཁན་ཕྱོགས་ཀྱི་རྣམ་གྲངས་པུའི་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པར་ཐེངས་མང་བསྐྱོད་དེ་གླ་ཆ་འགྱངས་ཆད་ཀྱི་དོན་དངོས་ལ་ཞིབ་བསྡུར་བྱས་ནས་གྱོད་གཞི་དེ་ཞུ་གཏུག་གི་ཆ་རྐྱེན་དང་མཐུན་པའི་ངོས་འཛིན་བྱས་པ་མ་ཟད། གྱོད་ཐོ་བཀོད་དེ་ཐག་གཅོད་བྱེད་རྒྱུའི་ཐག་བཅད་པ་རེད།

    ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་གྱོད་གཞིའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མངོན་མེད་ཉེན་ཁར་དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་བྱས་ཏེ། “འདུམ་འགྲིག་སྔོན་ལ་འཇོག་པ་དང་གཏུག་བཤེར་མཇུག་ཏུ་བྱེད་པའི”དམངས་དོན་ཁྲིམས་སྦྱོར་ལས་དོན་གྱི་བསམ་ཕྱོགས་སྤྱད་དེ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་རེད།

    དེར་བརྟེན་ཆེད་དོན་ཚོགས་ཆུང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ནས་འགན་གཙང་སྤྲོད་མཁན་ཕྱོགས་དང་འགན་གཙང་ལེན་མཁན་ཕྱོགས་ཀྱི་འགན་འཁུར་བ་དང་མཐུན་སྦྱོར་ཐེངས་མང་བྱས་ཏེ་ཁེ་ལས་གཉེར་སྐྱོང་གི་ད་ཡོད་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་མ་དངུལ་གྲབས་གསོག་གི་འཆར་གཞི་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། “བཅའ་ཁྲིམས་དང་། གནས་ལུགས། བརྩེ་སེམས”བཅས་དང་བསམ་བློའི་ཁྲིད་སྟོན་ཟུང་འབྲེལ་བྱས་པ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་ཚེ་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་དེ་བཞིན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིར་འགན་ལེན་བྱེད་པའི་འགན་ནུས་རྒྱས་བཤད་བྱས་ནས་འདུམ་འགྲིག་གི་གྲོས་མཐུན་འཇོག་པར་རང་འགུལ་ངང་ཁྲིད་སྟོན་བྱས་ཏེ་གཏན་འབེབས་བྱས་པའི་དུས་བཀག་ནང་འགྱངས་ཆད་བྱས་པའི་གླ་ཆ་སྤྲོད་དུ་བཅུག་པ་རེད།

    གླ་ཆ་ཚང་མ་མང་ཚོགས་ཀྱི་ཁེ་དབང་དང་མཛེས་སྡུག་ལྡན་པའི་འཚོ་བ་དང་འབྲེལ་བ་ཡོད། འབད་བརྩོན་བྱས་པ་བརྒྱུད། ཉིན་ཤས་གོང་འགན་གཙང་ལེན་མཁན་ཀུང་སི་གཉིས་པོས་ཞིང་པ་ལས་མིའི་གླ་ཆ་ཆེད་སྤྱོད་རྩིས་ཁྲ་བརྒྱུད་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་1429.41རྩིས་གསལ་པོ་བརྒྱབ་པ་དང་གྱོད་གཞི་དེ་གཏུག་བཤེར་མ་བྱས་གོང་ཐག་གཅོད་ཐུབ་ནས་ཞིང་པ་ལས་མི་951གི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་པ་དང་དུས་མཚུངས་ཞུ་གཏུག་བྱེད་མཚམས་འཇོག་པའི་དམིགས་ཡུལ་ཡང་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།