དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཚོང་ཁང་གི་སྒོ་ལྕགས་བཅག་ནས་རྐུ་མ་བརྐུས་པའི་གྱོད་གཞི་ཞིག་རྔ་ཆེན་མངགས་གཏོང་ཁང་གིས་རྩད་ཆོད་ནས་མི་གསུམ་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    2023ལོའི་ཟླ་10ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་ལ་ཚོང་ཁང་11གི་སྒོ་ལྕགས་བཅག་འདུག་པས་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱེད་དགོས་ཞེས་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་འབྱོར།

    བཀའ་རྒྱ་འབྱོར་རྗེས། རྔ་ཆེན་མངགས་གཏོང་ཁང་གིས་འཕྲལ་མར་གྱོད་སྒྲུབ་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཆེད་དོན་ཚོགས་ཆུང་བཙུགས་པ་དང་གྱོད་གཞིར་བརྟག་དཔྱད་བྱེད་འགོ་བརྩམས། མི་དམངས་ཉེན་རྟོག་པས་ཞིབ་བསྡུར་བྱས་པ་བརྒྱུད། ཚོང་ཁང་དེ་དག་གི་སྒོ་ལྕགས་གཅོག་སྟངས་ཚང་མ་གཅིག་པ་ཡིན་པས། བྱ་སྤྱོད་སྤེལ་མཁན་མི་གཅིག་ཡིན་པ་གཏན་འཁེལ་རགས་ཙམ་བྱས། དེ་རྗེས་ཆེད་དོན་ཚོགས་ཆུང་གིས་གྱོད་གཞི་དབྱེ་ཞིབ་ཀྱི་ཚོགས་འདུ་ཐེངས་མང་འཚོགས་ནས་ད་ཡོད་ཀྱི་ཁུངས་སྣེ་དང་དཔང་རྟགས་ལ་ཕྱོགས་བསྡུས་ཞིབ་དཔྱད་བྱས་པས། མཐར་རྐུ་མ་བརྐུས་པའི་གྱོད་གཞི་དེ་དག་སྡེབ་གཅིག་ཏུ་རྩད་གཅོད་པའི་ཐག་བཅད་པ་རེད།

    ཉིན་ཤས་བསྟུད་མར་འབད་འཐབ་དང་བརྙན་ལམ་ཁག་ལ་བལྟས་ནས་རྗེས་འདེད་དང་ཞིབ་འཇུག་གྲལ་བཤེར་བྱས་པ་བརྒྱུད། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་མཐར་ཉེས་གསོག་དོགས་ཅན་གྱི་བྱེད་སྤྱོད་སྤེལ་སྟངས་ཁོང་དུ་ཆུད་དེ་འཕྲལ་མར་སྒུག་བརྒྱབ་ནས་ཞིབ་འཇུག་དང་ཚོད་འཛིན་བཀག་སྡོམ་བྱས་པས། ཟླ་10ཚེས་27ཉིན་དང་30ཉིན་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་དང་། སྐར་ཆེ་གེ་མོ། བསྟན་འཛིན་ཆེ་གེ་མོ་བཅས་བཟུང་ཐུབ་ནས། ཚོང་ཁང་11གི་སྒོ་ལྕགས་བཅག་པའི་གྱོད་གཞི་དེ་རྩད་ཆོད་པ་རེད། འདྲི་ཞིབ་བྱས་པ་བརྒྱུད། མི་གསུམ་པོས་མུ་འབྲེལ་རྐུ་མ་བརྐུས་པའི་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་ལྟར་ན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་བསྟན་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་15བྱ་རྒྱུ་དང་། ཁུངས་སྣེ་གང་འཚམ་རྙེད་པའི་རྐུ་མ་བརྐུས་པའི་གྱོད་གཞི་གཞན་གཉིས་དང་དེ་བཞིན་ཉེས་གསོག་དོགས་ཅན་སྐར་ཆེ་གེ་མོ་དང་བསྟན་འཛིན་ཆེ་གེ་མོར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།