དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གནས་ཡུལ་རོང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    —— ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཀྲའོ་ཅུན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    འདི་ནི་མང་ཚོགས་ཉེན་དོན་ཁང་དུ་བསྐྱོད་ནས་ཀྲའོ་ཅུན་ལ་ལས་སྒོ་གཉེར་སྐབས་མཁོ་བའི་ཡིག་ཆ་སྐད་ཆ་འདྲི་བཞིན་པ།

    འདི་ནི་ཀྲའོ་ཅུན་གྱིས་སློབ་ཆུང་སློབ་མར་བདེ་འཇགས་དྲིལ་བསྒྲགས་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་སྲིད་ཇུས་སྐོར་འགྲེལ་བཤད་རྒྱག་བཞིན་པ།

    “ཁྱུང་གླིང་གྲོང་ཚོར་རྒྱ་རིགས་དང་། བོད་རིགས། ལྷོ་པ་རིགས། མོན་པ་རིགས་བཅས་ཀྱི་མང་ཚོགས་མཉམ་དུ་སྡོད་པ་དང་། ཁྱོན་དུད་ཚང་57གྱི་མི་238ཡོད། ཁོང་ཚོ་གཙོ་བོ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད”ཅེས་བོད་ལྗོངས་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཀྲའོ་ཅུན་གྱིས་སྨན་གླིང་གྲོང་ཁྱེར་གནས་ཡུལ་ཤང་ཁྱུང་གླིང་གྲོང་ཚོའི་སྐོར་ངོ་སྤྲོད་བྱས།

    2019ལོའི་ལོ་མཇུག་ཏུ། ཁྱུང་གླིང་གྲོང་གསར་བསྐྲུན་ཟིན་ནས། གྲོང་མི་ཁག་དང་པོ་གྲོང་ཚོར་སྤོས་པ་དང་སྦྲགས་ཀྲའོ་ཅུན་གྱིས་མི་དམངས་ཉེན་རྟོག་པ་2ཀྱི་སྣེ་ཁྲིད་དེ་ཁྱུང་གླིང་གྲོང་གསར་ཉེན་དོན་ཁང་དུ་བཅའ་སྡོད་བྱས་པ་རེད།

    ཆབ་མདོ་ནས་ཡིན་པའི་རྒྱལ་མཚན་བཀྲ་ཤིས་ཀྱི་ནང་མི་ཚང་མ་ཆ་རྒྱུས་ཅི་ཡང་མེད་པའི་ཉིང་ཁྲི་གྲོང་ཁྱེར་དུ་སྤོས་རྗེས། སྲིད་གཞུང་གིས་ཁོང་ཚོར་འཚོ་བའི་སྒྲིག་ཆས་དང་མཁོ་དགོའི་དངོས་ཟོག་སྤྲད་རུང་། ཡུལ་དེའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་མ་གོམས་པའི་དབང་གིས་སླད་ཕྱིན་འཚོ་བ་ཇི་ལྟར་སྐྱེལ་མིན་ཐད་སེམས་ལ་གདེང་ཚོད་མེད་པར་གྱུར། གྲོང་ཚོར་རྨང་གཞིའི་ཆ་འཕྲིན་བསྡུ་རུབ་བྱེད་པར་སྐྱོད་སྐབས་ཆབ་མདོ་གྲོང་ཁྱེར་ནས་སྤོས་པའི་མང་ཚོགས་ཚང་མར་གོང་གི་སེམས་ཁྲལ་དེ་རིགས་ཡོད་པ་ཀྲའོ་ཅུན་གྱིས་ཤེས་རྟོགས་བྱུང་།

    “ཡོང་འབབ་མང་དུ་སོང་ཚེ་འཚོ་བ་ལེགས་སུ་ཕྱིན་ནས་ཐག་རིང་ནས་སྤོས་པའི་དུང་ཚང་དེ་གར་སེམས་རྣལ་དུ་ཕབ་འདུག” ཁོང་ཚོའི་སེམས་ཁྲལ་རྦད་དེ་སེལ་ཆེད། ཀྲའོ་ཅུན་གྱིས་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཆེད་མངགས་སྒྲོག་འགྲེལ་རུ་ཁག་ཅིག་བཙུགས་ནས། ཡུལ་དེའི་ནགས་ཁྲོད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་བའི་ལེགས་ཆར་གཞི་ཚུགས་ནས། རྒྱལ་མཚན་བཀྲ་ཤིས་ལྟ་བུའི་གནས་སྤོས་དུད་ཚང་ལ་ཡུལ་དེའི་ཀོ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ནགས་ཁྲོད་ཐོན་ཁུངས་རྐོ་འཐུའི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་མ་ཟད། ས་ཁོངས་དང་དེ་བཞིན་བྲིན་འཚོང་ཐབས་ལམ་ཡང་ངོ་སྤྲོད་བྱས་པ་དང་། ཡུལ་དེའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཚ་རླབས་དང་བསྟུན་ནས་གནས་སྤོས་དུད་ཚང་ཡུལ་དེའི་འཛུགས་སྐྲུན་འཕེལ་རྒྱས་ལ་ཞུགས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ལྕག་བྱས་པ་རེད། དེའི་རིང་ཀྲའོ་ཅུན་གྱིས་ཡུལ་དེའི་ཡུལ་སྐོར་ཀུང་སི་དང་ལས་གྲྭའི་རྣམ་གྲངས་ཁག་དང་འབྲེལ་བ་ཧུར་ཐག་བྱས་ཏེ། མང་ཚོགས་ལ་སྦྲེལ་ཟམ་འཛུགས་རོགས་དང་ལས་ཀ་ངོ་སྤྲོད་བྱེད་རོགས་བྱས་པ་རེད།

    མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པའི་ཉེན་དོན་ཁང་ཞིག་གི་ངོས་ནས། དེའི་འགན་ནུས་གཙོ་བོ་ནི་མཐའ་མཚམས་སུ་སྐོར་གཡེང་བྱ་རྒྱུ་དེ་རེད། ཉེན་དོན་ཁང་དུ་བཅའ་སྡོད་བྱེད་རིང་། ཀྲའོ་ཅུན་གྱིས་དུས་བཀག་ལྟར་མཐའ་མཚམས་སུ་སྐོར་གཡེང་དང་ཞིབ་བཤེར་བྱས་ཏེ། ས་གནས་ས་ཐོག་ཏུ་མཐའ་མཚམས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། ཡུལ་དེ་ནི་གདོད་མའི་ནགས་ཚལ་དང་འདམ་རྫབ་མང་བའི་གནས་ཤིག་ཡིན་པས་མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས་འགྲོ་སྐྱོད་དཀའ། སྐོར་ལམ་ཐུང་ཡང་དེ་གར་སྐོར་བ་ཆེན་པོ་ཞིག་བརྒྱབ་ནས་འགྲོ་དགོས་ཀྱི་ཡོད། ལམ་བར་དུ་ཉེན་ཁ་ཆེ་ཤོས་ནི་གདོད་མའི་ནགས་ཚལ་ཁྲོད་ལམ་ནོར་ཐེབས་རྒྱུ་དེ་རེད།

    2022ལོའི་ཟླ་7པར། ཀྲའོ་ཅུན་དང་ལས་རོགས་2ཀྱིས་སྔོན་གཏན་འཁེལ་བའི་ས་ཁོངས་སུ་སྐོར་གཡེང་དང་ཞིབ་བཤེར་བྱེད་སྐབས། དྲག་ཆར་བབས་པས་འགྲོ་ལམ་འདབ་རྫབ་ཀྱིས་ཁེངས་ནས་སྐྱོད་ཁག་པོར་གྱུར་ཏེ་ས་རུབ་གྲབས་ཡོད་རུང་ཀྲའོ་ཅུན་དང་བཅས་པའི་མི་གསུམ་པོ་ནགས་ཚལ་ནས་དོན་མ་ཐུབ། ས་རུབ་རྗེས་ལོག་སའི་ཁ་ཕྱོགས་རྙེད་དཀའ་བས་ཁོང་ཚོས་ཕན་ཚུན་སྐུལ་ལྕག་དང་གཅིག་ཕན་གཅིག་རོགས་བྱས་ནས་ནགས་ཚལ་ཁྲོད་ནས་དོན་སའི་ཁ་ཕྱོགས་བཙལ། སྟབས་ལེགས་པ་ཞིག་ལ་གཟུགས་པོ་རྦད་དེ་ཐང་མ་ཆད་གོང་ལ་ཁོང་ཚོ་གསུམ་པོར་ལོག་སའི་ལམ་རྙེད། དེ་ཉིན། ཁོང་ཚོ་གསུམ་པོས་གཏན་འཁེལ་བྱས་པའི་ལས་འགན་གཞིར་བཟུང་རྐང་ཐང་མར་ཆུ་ཚོད་14བསྐྱོད། སྐོར་གཡེང་དེ་འདྲ་བ་ཀྲའོ་ཅུན་གྱི་ངོས་ནས་བརྗོད་ན་རྒྱུན་ལྟོ་ལྟ་བུ་གྱུར་ཞིང་། ཁོང་གི་སྦྱོང་བརྡར་གྱི་ལྷམ་ཡང་ཁོང་ཚོའི་ཁྲོད་ནས་བཙོག་ཤོས་དང་རྙིང་ཤོས་སུ་གྱུར་ཡོད།

    “ས་ཞིང་འདེབས་པ་ནི་ལས་གནས་སྲུང་བ་དང་ཕྱུགས་འཚོ་བ་ནི་སྐོར་གཡེང་ཡིན། ཚང་མ་ལེ་དབར་སྟོང་གི་མཐའ་མཚམས་ཀྱི་མིག་དང་རྣ་ཅོག་ལྟ་བུ་ཡིན་པས། གལ་སྲིད་གནས་ཚུལ་ཡོད་ཚེ་ལམ་སེང་མངགས་གཏོང་ཁང་ལ་སྙན་སེང་ཞུ་བར་ཡོང་རོགས” ཀྲའོ་ཅུན་གྱིས་མང་ཚོགས་ཚོ་མཐའ་མཚམས་དོ་དམ་ཚོད་འཛིན་གྱི་ལས་ལ་ཞུགས་པའི་ནུས་པ་གལ་ཆེན་འདོན་དུ་བཅུག་པ་དང་། གནས་སྤོས་མང་ཚོགས་དུས་བཀག་ལྟར་སྒྲིག་འཛུགས་བྱས་ནས“གསར་བརྗེའི་ཁང་ཆུང”དུ་བསྐྱོད་དེ་ཡུལ་དེའི་ལྷོ་པ་རིགས་མང་ཚོགས་ཀྱི་མཐའ་སྲུང་གཏམ་རྒྱུད་བཤད་ནས། ཁོང་ཚོ་མཐའ་མཚམས་སྲུང་སྐྱོང་དང་སྐོར་གཡེང་ལས་དོན་ལ་རང་འགུལ་ངང་ཞུགས་པར་སྐུལ་སློང་བྱས་པ་རེད།

    རྒྱལ་དར་རེ་རེ་གྲོང་ཚོའི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བ་དང་ཁོད་སྙོམས་ལ་བཀོད་པ་གཙང་བའི་གྲོང་ཚོའི་ལམ་ངོགས་ནས་བྱིས་པའི་དགོད་སྒྲ་ལྷང་ལྷང་གྲགས། གྲོང་ཚོའི་ཉེ་འཁོར་གྱི་འབྲོག་ར་ནས་སྐབས་སྐབས་སུ་ཕྱུགས་རྫིའི་སྐད་སྒྲ་ཡང་ཐོས་འོངས། ཀྲའོ་ཅུན་གྱིས་ལྷག་བསམ་ཟོལ་མེད་ངང་མཐའ་མཚམས་བསྲུངས་པས་ཁྱུང་གླིང་གྲོང་ཚོར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་ནས། མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།