དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ནག་འཁོར་329ལ་ཞིབ་བཤེར་དང་བཀག་ཉར་བྱས་པ།

    གླ་བྱེད་རླངས་འཁོར་དང་རྩོད་རྙོག་བྱུང་ཚེ། 12328 96123 0891—6522345བཅས་ལ་ཁ་པར་བརྒྱབ་ནས་ཞུ་གཏུག་ཐེར་འདོན་བྱེད་ཆོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་ཚ་ནན་བཏང་ནས་རྒྱ་ཆེའི་གྲོང་མིར་འགྲོ་སྐྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཟླ་11ཚེས་7ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་གཤམ་འོག་གི་ཚན་པ་དང་མཉམ་དུ། གྲོང་ཁུལ་གྱི་ལམ་མང་པོར་གནས་སྐབས་ཀྱི་འཕྲལ་སྒྲུབ་ཞིབ་བཤེར་ས་ཚིགས་བཙུགས་ནས་གླ་བྱེད་རླངས་འཁོར་གྱིས་ཆུ་ཚོད་མི་བཀག་པ་དང་། འགྲུལ་པ་མི་བླུགས་པ། དྲ་འབོད་རླངས་འཁོར་གྱིས་དྲ་ཕྱི་ནས་འགྲུལ་པ་བླུགས་པ་སོགས་ཀྱི་སྣང་ཚུལ་དང་ལྷག་པར་དུ་ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར(ནག་འཁོར)ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

    འདི་ནི་ཁྲིམས་སྒྱུར་བས་གླ་བྱེད་རླངས་འཁོར་གྱི་སྐྱེལ་འདྲེན་ཐོབ་ཐང་ལག་ཁྱེར་དང་ཆུ་ཚོད་བཀག་ཡོད་མེད་ལ་ཞིབ་བཤེར་བྱེད་བཞིན་པ།

    གླ་བྱེད་རླངས་འཁོར་དང་དྲ་འབོད་རླངས་འཁོར་གྱི་ཟང་ཟིང་སྣང་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་པ།

    ཁྲེང་ཀོན་མེ་ཏོག་ལྡུམ་རའི་ཁུལ་ཆུང་གི་ཉེ་འགྲམ་དུ་མཉམ་འབྲེལ་ཁྲིམས་སྒྱུར་བས་ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་གླ་བྱེད་རླངས་འཁོར་དང་དྲ་འབོད་རླངས་འཁོར་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ་རེད། “ཁམས་བཟང་། སྐྱེལ་འདྲེན་ཐོབ་ཐང་ལག་ཁྱེར་སྟོན་རོགས” ཁྲིམས་སྒྱུར་བས་གླ་བྱེད་རླངས་འཁོར་ཞིག་གི་ཁ་བཀག་པ་དང་གླ་བྱེད་རླངས་འཁོར་གྱི་ཁ་ལོ་བས་འགྲུལ་པར་ཆུ་ཚོད་བཀག་མེད་པ་ཤེས། རླངས་འཁོར་ལ་སྡོད་མཁན་འགྲུལ་པས་རླངས་འཁོར་ལ་མ་བསྡད་གོང་། ངས་ཁ་ལོ་བ་དང་བདལ་གླ་ཁ་ཆད་བྱས་ཟིན་པས་ཆུ་ཚོད་བཀག་མེད་ཅེས་བཤད། གནས་ཚུལ་དེའི་རིགས་ལ་ཁྲིམས་སྒྱུར་བས་གླ་བྱེད་རླངས་འཁོར་གྱི་ཁ་ལོ་བར་སྐྱོན་བརྗོད་སློབ་གསོ་བཏང་བ་རེད། “ཉེ་དུས་ང་ཚོས་གླ་བྱེད་རླངས་འཁོར་གྱིས་འགྲུལ་པ་མི་བླུགས་པ་དང་། ཆུ་ཚོད་མི་བཀག་པ། ལམ་ཞོར་འགྲུལ་པ་བླུགས་སོགས་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པ་མ་ཟད། ད་དུང་གླ་བྱེད་རླངས་འཁོར་གྱི་ཁ་ལོ་བ་དང་འགྲུལ་པར་དམིགས་ཏེ་དྲིལ་བསྒྲཌ་རྒྱ་ཁྱབ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གྲོང་ཤར་རུ་ཆེན་གྱི་ཁྲིམས་སྒྱུར་བ་ཟླ་རྒོད་ཀྱིས་བཤད།

    གྲོང་མི་དང་ཡུལ་སྐོར་བར་བསམ་འཆར་ཅུང་མང་བའི་གནད་དོན་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་འབྱུང་རྩ་ནས་བཅོས་སྒྲིག་དང་མཇུག་སྣེའི་ཁྲིམས་སྒྱུར་ཕྱོགས་གཉིས་ནས་དམ་འཛིན་བྱས་ཏེ། རྒྱུན་གཏན་གྱི་ཞིབ་བཤེར་དང་འཕྲལ་སྒྲུབ་ཞིབ་བཤེར་ཟུང་འབྲེལ་གྱི་བྱེད་ཐབས་མཐའ་འཁྱོངས་ཀྱིས་བཅོས་སྒྲིག་བྱས་ནས་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བར་སྔར་བས་སྐུལ་འདེད་བཏང་བ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་གླ་བྱེད་རླངས་འཁོར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་གི་ལས་དོན་མུ་མཐུད་སྤེལ་ནས་འགྲུལ་པ་མི་བླུགས་པ་དང་། ལམ་ཞོར་དུ་འགྲུལ་པ་བླུགས་པ། གཏན་འབེབས་ལྟར་རིན་གོང་རྩིས་རྒྱག་ཡོ་བྱད་མི་སྤྱོད་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ལ་གཙོ་གནད་དུ་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། ཞིབ་བཤེར་ཐག་གཅོད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་ཚ་ནན་བཏང་བ།

    ཟླ་11ཚེས་7ཉིན་གྱི་ཆུ་ཚོད་21ཙམ་ལ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་དང་མཉམ་དུ། ལྷ་ས་མེ་འཁོར་བབས་ཚུཌ་ཉེ་འགྲམ་གྱི་རླངས་འཁོར་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཤིང་། ཁ་ལོ་བར་སྐྱེལ་འདྲེན་ཐོབ་ཐང་ལག་ཁྱེར་ཡོད་མེད་དང་འགྲུལ་པའི་མི་གྲངས་སོགས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ནས་ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

    ཟླ་11ཚེས་7ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་2དང་། དྲ་འབོད་རླངས་འཁོར་གྱིས་དྲ་ཕྱི་ནས་འགྲུལ་པ་བླུགས་པའི་རླངས་འཁོར་3 ཆུ་ཚོད་བཀག་མེད་པའི་གླ་བྱེད་རླངས་འཁོར་2བཅས་ལ་ཞིབ་བཤེར་དང་བཀག་ཉར་བྱས་པ་རེད།

    ཁྲིམས་སྒྱུར་བ་དབང་འདུས་ཀྱིས་གྲོང་ཁུལ་ཕུད་ད་དུང་ཁྲིམས་སྒྱུར་བས་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིབ་བཤེར་ས་ཚིགས་དང་། གཟི་བྱིན་བླ་མཚོ་དང་གནམ་མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དུས་དང་གནས་ངེས་མེད་དུ་འཕྲལ་སྒྲུབ་ཞིབ་བཤེར་བྱེད་ཀྱི་ཡོད། ཐག་རིང་དུ་ཁྲིམས་དང་མི་མཐུན་པར་བདལ་གླ་རྒྱུག་མཁན་སྐྱེལ་འདྲེན་རླངས་འཁོར་ལ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོཌ་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་སྡེ་ཚན་མང་པོ་དང་མཉམ་དུ་རྡུང་རྡེག་གཏོང་བ་དང་། འགྲིམ་འགྲུལ་དང་འགྲིམ་འགྲུལ་ཉེན་རྟོག་པ་མཉམ་འབྲེལ་ཁྲིམས་སྒྱུར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་སྔོན་ལ་གཙོ་གནད་ལ་རྡུང་རྡེག་གཏོང་བ་དང་། དེ་ནས་རིམ་བཞིན་ཉེ་འཁོར་ས་ཁོངས་སུ་ཁྱབ་པར་བྱས་ཏེ། ཁྲིམས་སྒྱུར་དྲ་རྒྱའི་ཚགས་དམ་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རྡུང་རྡེག་བྱ་སྤྱོད་ལ་ཐོབ་པའི་གྲུབ་འབྲས།

    བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་11ཚེས་7ཉིན་བར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོཌ་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ཁྱོན་ཁྲིམས་སྒྱུར་བ་མི་ཐེངས་5555དང་ཁྲིམས་སྒྱུར་རླངས་འཁོར་ཐེངས་1007བཏང་སྟེ། ལྷ་སའི་གྲོང་ཁུལ(མཛེས་ལྗོངས་ཁུལ་ཁག)དང་ཆུ་ཤུར་དང་མལ་གྲོ་གུང་དཀར་རྫོང་གི་ཞིབ་བཤེར་ས་ཚིགས་སུ་ཞིབ་བཤེར་བྱས་པ་རེད། འགྲུལ་སྐྱེལ་རླངས་འཁོར་2773དང་། ཡུལ་སྐོར་རླངས་འཁོར་1465 གླ་བྱེད་རླངས་འཁོར་8636 དྲ་འབོད་རླངས་འཁོར་8461 ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་5784བཅས་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་329དང་དྲ་འབོད་རླངས་འཁོར་78ལ་ཞིབ་བཤེར་བཀག་ཉར་བྱས་པ་དང་མི་1537ལ་སྐྱོན་བརྗོད་སློབ་གསོ་བཏང་ཡོད།

    ཐེར་འདོན་བྱེད་སྟངས།

    གལ་སྲིད་ཁྱེད་རང་ཕྱིར་སྐྱོད་སྐབས། ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་མཐོང་བ་དང་གླ་བྱེད་རླངས་འཁོར་སྡོད་སྐབས་མ་རབས་ཀྱི་བྱེད་སྤྱོད་འཕྲད་ཚེ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལྟ་སྐུལ་ཞབས་ཞུའི་ཁ་པར་ཨང་གྲངས་12328དང་། ལྷ་ས་གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས་96123 ལྷ་ས་གྲོང་ཁྱེར་གླ་བྱེད་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་ཁ་པར་ཨང་གྲངས་0891-6522345བཅས་བརྒྱུད་ནས་ཐེར་འདོན་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།