དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།

    ལེའུ་དང་པོ། སྤྱིར་བཏང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-14

    1 《དམངས་དོན་ཁྲིམས་གཞུང》གི་སྙོམས་སྒྲིག་བྱ་ཡུལ་གང་དང་གང་ཡོད།

    《དམངས་དོན་ཁྲིམས་གཞུང》གིས་འདྲ་མཉམ་བྱེད་པོ་ཡིན་པའི་རང་བྱུང་མི་དང་། ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་བར་གྱི་མི་ལུས་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་སྙོམས་སྒྲིག་བྱེད་པ་ཡིན།

    མི་ལུས་འབྲེལ་བ་ཞེས་པ་ནི་མིའི་ལུས་ཁམས་དང་བྲལ་ཐབས་མེད་པའི་མི་ལུས་ཀྱི་ཁེ་ཕན་གྱིས་གཙོས། རྒྱུ་ནོར་གྱི་ཁེ་ཕན་ཐད་ཀར་མི་མཚོན་པའི་སྤྱི་ཚོགས་འབྲེལ་བ་ཞིག་ལ་ཟེར། མི་ལུས་འབྲེལ་བའི་ནང་དུ་མིའི་ཐོབ་ཐང་གི་འབྲེལ་བ་དང་མིང་ཐོབ་ཀྱི་འབྲེལ་བ་གཉིས་འདུས་ཡོད། མིའི་ཐོབ་ཐང་གི་འབྲེལ་བ་ནི་མིའི་ཐོབ་ཐང་གི་ཁེ་ཕན་གཞིར་བཞག་ནས་བྱུང་བའི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་སྟེ། དཔེར་ན། ཚེ་སྲོག་གི་ཁེ་དབང་དང་། བདེ་ཐང་གི་ཁེ་དབང་། རུས་མིང་གི་ཁེ་དབང་། འདྲ་བརྙན་གྱི་ཁེ་དབང་ཡིན། མིང་གྲགས་ཀྱི་ཁེ་དབང་ལ་སོགས་པའི་ཞིབ་ཕྲའི་མིའི་ཐོབ་ཐང་གི་ཁེ་དབང་། མིང་ཐོབ་ཀྱི་འབྲེལ་བ་ནི་དམིགས་འཛུགས་ཀྱི་མིང་ཐོབ་ཁེ་ཕན་གྱིས་གཙོས་པའི་སྤྱི་ཚོགས་འབྲེལ་བ་ཞིག་ལ་ཟེར་ཞིང་དཔེར་ན་ཁྱོ་ཤུག་འབྲེལ་བ་དང་ཕ་མ་བུ་ཕྲུག་གི་འབྲེལ་བ་ལྟ་བུ། དམངས་དོན་ཁྲིམས་གཞུང་གི་སྙོམས་སྒྲིག་བྱ་ཡུལ་དུ་གྱུར་བའི་གོ་བབ་འདྲ་མཉམ་ཡིན་པའི་བྱེད་པོའི་དབར་གྱི་མི་ལུས་འབྲེལ་བས་གཤམ་གསལ་གྱི་ནང་དོན་ཁག་ལ་དོ་སྣང་བྱེད་དགོས་ཏེ། དང་པོ། མིའི་ཐོབ་ཐང་འདྲ་མཉམ་ཡིན་པ། བྱེད་པོ་ཕན་ཚུན་དབར་དོ་དམ་བྱེད་མཁན་དང་དོ་དམ་བྱ་ཡུལ། འགོ་ཁྲིད་བྱེད་མཁན་དང་འགོ་ཁྲིད་བྱ་ཡུལ་བཅས་ཀྱི་འབྲེལ་བ་མེད་པ། བྱེད་པོའི་གོ་བབ་འདྲ་མཉམ་མིན་པ་དང་། ཕྱོགས་གཅིག་གིས་ཕྱོགས་གཞན་དེའི་མི་ལུས་འབྲེལ་བ་ལ་ཁ་ལོ་སྒྱུར་ཐུབ་ཚེ་དམངས་དོན་ཁྲིམས་གཞུང་གི་སྙོམས་སྒྲིག་བྱ་ཡུལ་དུ་འགྱུར་མི་ཐུབ། གཉིས་པ། རྒྱུ་ནོར་རང་བཞིན་མ་ཡིན་པ། མི་ལུས་འབྲེལ་བ་ནི་དམིགས་འཛུགས་ཀྱི་མི་ལུས་ཁེ་ཕན་ཡིན་པས་གསེར་དངུལ་གྱིས་ཚད་འཇལ་ཐབས་བྲལ་བ་ཞིག་ཡིན། གསུམ་པ། ཆེད་གཏོགས་རང་བཞིན། མི་ངེས་ཅན་གྱི་མི་ལུས་ཁེ་ཕན་ནི་མི་དེ་གས་ལོངས་སྤྱོད་བྱེད་པ་ལས་བཤུག་སྤྲོད་དམ་དོར་མི་ཆོག

    དམངས་དོན་ཁྲིམས་གཞུང་གི་སྙོམས་སྒྲིག་བྱ་ཡུལ་དུ་གྱུར་བའི་གོ་བབ་འདྲ་མཉམ་ཡིན་པའི་བྱེད་པོའི་རྒྱུ་ནོར་འབྲེལ་བ་ཞིག་ཡིན་པའི་ཆ་ནས་གཤམ་གྱི་ནང་དོན་འགའ་ལ་དོ་སྣང་བྱེད་དགོས་ཏེ། དང་པོ། བྱེད་པོའི་གོ་བབ་འདྲ་མཉམ་ཡིན་པ། དམངས་དོན་བྱེད་པོར་བཅའ་ཁྲིམས་ཆ་ནས་རང་ཚུགས་ཀྱི་མིའི་ཐོབ་ཐང་ལྡན་ཡོད་ཅིང་གོ་བབ་འདྲ་མཉམ་ཡིན་པས་ཕན་ཚུན་དབར་ཁོངས་གཏོགས་ཀྱི་འབྲེལ་བ་མེད། གཉིས་པ། འདོད་བློ་རང་མོས་ཡིན་པ། དམངས་དོན་བྱེད་པོ་ལ་ཅུང་ཕུན་སུམ་ཚོགས་པའི་འདོད་བློ་རང་མོས་ཡོད་པས་རྒྱུ་ནོར་འབྲེལ་བ་བྱུང་བ་དང་སྒྱུར་བ། རྩ་མེད་དུ་འགྲོ་བ་ཚང་མ་དོ་བདག་གི་རང་མོས་ལ་བསྟུན་དགོས་པ་ལས་ཕྱོགས་གང་རུང་གི་འདོད་བློ་དང་འགལ་མི་རུང་། གསུམ་པ། རིན་མཉམ་ཚབ་སྤྲོད། དམངས་དོན་བྱེད་པོའི་དབར་རྒྱུ་ནོར་འཁོར་སྒྱུར་བྱེད་པར་རིན་མཉམ་ཚབ་སྤྲོད་ཀྱི་རྩ་དོན་ལག་བསྟར་བྱེད་དགོས།

    2《དམངས་དོན་ཁྲིམས་གཞུང》གི་འདྲ་མཉམ་གྱི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།

    འདྲ་མཉམ་གྱི་རྩ་དོན་ཞེས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་དམངས་དོན་བྱེད་པོའི་བཅའ་ཁྲིམས་གོ་བབ་ཚང་མ་འདྲ་མཉམ་ཡིན་པ་ལ་ཟེར། དམངས་ཁྲིམས་འདྲ་མཉམ་གྱི་རྩ་དོན་གྱིས་དམངས་དོན་བྱེད་པོ་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་དང་རུས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་སྐྱེ་ཁུངས། ཆོས་ལུགས་དད་མོས། སློབ་གསོ་མྱོང་ཚད། རྒྱུ་ནོར་གནས་ཚུལ་བཅས་མི་དབྱེ་བར་ཚང་མར་འདྲ་མཉམ་གྱི་ཁེ་དབང་སྤེལ་ནུས་ལྡན་པ། ཕྱོགས་གཅིག་རང་བྱུང་མི་ཡིན་པ་དང་ཕྱོགས་གཞན་དེ་ཕྱོགས་ཁྲིམས་མི་ཡིན་པའམ་ཡང་ན་ཕྱོགས་གཅིག་ནི་ལས་ཁུངས་ཆེན་པོ་ཡིན་པ་དང་ཕྱོགས་གཞན་དེ་ལས་ཁུངས་ཆུང་གྲས་ཤིག་ཡིན་པའི་དབང་གིས་དམངས་དོན་ཁེ་དབང་སྤེལ་ནུས་འདྲ་མཉམ་མིན་པ་མི་བྱེད་པའི་བླང་བྱ་བཏོན་ཡོད། འདྲ་མཉམ་གྱི་རྩ་དོན་ཞིབ་ཕྲའི་ནང་དོན་ལ་གོ་བ་ལེན་སྐབས་གཤམ་གྱི་ནང་དོན་འགའ་ལ་དོ་སྣང་བྱེད་དགོས་ཏེ།

    (1)དམངས་དོན་བྱེད་པོའི་བཅའ་ཁྲིམས་ཀྱི་གོ་བབ་འདྲ་མཉམ་ཡིན་དགོས། དངོས་ཡོད་ཀྱི་དམངས་དོན་བཅའ་ཁྲིམས་འབྲེལ་བའི་ནང་དུ། དམངས་དོན་བྱེད་པོའི་གོ་བབ་འདྲ་མཉམ་དང་རང་རྐྱ་ཐུབ་པ། ཕན་ཚུན་ཁོངས་གཏོགས་ཀྱི་འབྲེལ་བ་མིན་པ་དང་། སྲིད་འཛིན་ཁྲོད་ཁོངས་གཏོགས་ཀྱི་འབྲེལ་བ་ཡོད་པའི་གོང་འོག་རྩ་འཛུགས་ཀྱི་དམངས་དོན་བཅའ་ཁྲིམས་འབྲེལ་བའི་ཁྲོད་ཀྱི་གོ་བབ་ཀྱང་ཚང་མ་འདྲ་མཉམ་ཡིན།

    (2)དམངས་དོན་བྱེད་པོས་འདྲ་མཉམ་ངང་ཁེ་དབང་སྤྱོད་ཅིང་འོས་འགན་སྒྲུབ་པ། དམངས་དོན་བྱེད་པོས་དམངས་དོན་ཁྱབ་ཁོངས་སུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་དང་ཁྲིམས་ལྟར་འཁུར་དགོས་པའི་འོས་འགན་ནི་འདྲ་མཚུངས་ཡིན། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་དང་དམངས་དོན་བྱེད་པོས་གྲོས་དན་བཞག་ནས་རིན་པ་སྤྲད་མི་དགོས་པ་ཕུད། དམངས་དོན་བྱེད་པོས་དམངས་དོན་བྱེད་པོ་གཞན་དག་ས་ནས་ཁེ་ཕན་འཐོབ་པར་ཚང་མར་འོས་འཚམ་གྱི་སྐྱིན་གསབ་སྤྲོད་དགོས།

    (3)དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་ཕན་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་ཡིན། རང་བྱུང་མིའམ་ཁྲིམས་མི་སུ་ཞིག་ཡིན་པའམ། རྒྱལ་ཁབ་ཀྱི་ལས་ཁུངས་སམ་མི་སྒེར་གྱི་ཁེ་ལས་གང་ཞིག་ཡིན་རུང་། ཁྲིམས་ཁང་གིས་དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་ཕན་ལ་འདྲ་མཉམ་གྱིས་སྲུང་སྐྱོབ་བྱེད་པ་ཡིན།

    (4)དམངས་དོན་བྱེད་པོའི་དམངས་དོན་འགན་འཁྲི་འདྲ་མཉམ་ཡིན། ཕྱོགས་གང་ཞིག་ཡིན་རུང་ཁྲིམས་འགལ་གྱིས་གཞན་པའི་ཁེ་ཕན་ལ་གནོད་རྐྱེན་བཟོས་ཚེ་ཁྲིམས་ལྟར་འོས་འཚམ་གྱི་དམངས་དོན་འགན་འཁྲི་འཁུར་དགོས།

    3《དམངས་དོན་ཁྲིམས་གཞུང》གི་རང་མོས་ཀྱི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།

    རང་མོས་ཀྱི་རྩ་དོན་ལ་རང་སྐྱོང་གི་རྩ་དོན་ཡང་ཟེར་ཞིང་དམངས་དོན་བྱེད་པོས་རང་ཉིད་ཀྱི་ཚུལ་མཐུན་བརྡར་གཅོད་ལ་བརྟེན་ནས་རང་ཚུགས་ངང་དམངས་དོན་བྱེད་སྒོར་ཞུགས་པ་དང་། རང་ཉིད་ཀྱི་སྒེར་དོན་དོ་དམ་བྱེད་པར་རྒྱལ་ཁབ་ཀྱི་ཁེ་དབང་དང་དམངས་དོན་བྱེད་པོ་གཞན་དག་གིས་ཁྲིམས་འགལ་གྱིས་ཐེ་ཇུས་མི་བྱེད་པ་ལ་ཟེར། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་སྒྲིལ་བ་བཅས་བྱེད་དགོས། དེར་གཤམ་གསལ་གྱི་གོ་དོན་གཉིས་ཚུད་ཡོད་དེ།

    (1)རང་མོས་གདམ་ཀ་དང་རང་ཚུགས་ནང་ཞུགས། དམངས་དོན་བྱེད་པོས་རང་ཉིད་ཀྱི་འདོད་བློ་ལྟར་གདམ་ཀ་དང་། བརྡར་ཤ་གཅོད་པ། རང་ཚུགས་དང་དམངས་དོན་བྱེད་སྒོར་ཞུགས་པར་རྒྱལ་ཁབ་ཀྱི་ཁེ་དབང་དང་དམངས་དོན་བྱེད་པོ་གཞན་དག་གིས་ཁྲིམས་འགལ་ཐེ་ཇུས་བྱེད་མི་ཆོག འོན་ཏེ་དོ་སྣང་བྱེད་དགོས་པ་ཞིག་ལ་རང་བདག་དེ་རིགས་ལ་གཅུན་སྡོམ་ངེས་ཅན་ཏེ་བཅའ་ཁྲིམས་ཀྱི་གཅུན་སྡོམ་ལྡན་ཡོད་པས་དམངས་དོན་བྱེད་པོས་བཅའ་ཁྲིམས་ཀྱིས་ཁས་ལེན་བྱས་པའི་ཁྱབ་ཁོངས་སུ་མ་གཏོགས་བྱེད་སྒོ་སྤེལ་མི་ཆོག

    (2)ཁེ་དབང་རང་སྤྱོད་དང་། འགན་འཁྲི་རང་འཁུར་དམངས་དོན་བྱེད་པོར་རང་བདག་གིས་དམངས་དོན་བྱེད་སྒོར་ཞུགས་ནས་བྱུང་བའི་མཇུག་འབྲས་ལོངས་སུ་སྤྱོད་རྒྱུ་ཡོད་ལ་འགན་འཁྲི་ཡང་འཁུར་དགོས། གལ་སྲིད་དམངས་དོན་བྱེད་པོས་རང་བདག་གིས་དམངས་དོན་བྱེད་སྒོར་ཞུགས་པའི་མཇུག་འབྲས་དེ་རྒྱུ་ནོར་ཡིན་ན་རྒྱུ་ནོར་དེའི་བདག་དབང་ཐོབ་པ་སྨོས་མི་དགོས། གལ་སྲིད་དམངས་དོན་བྱེད་པོས་རང་བདག་གིས་དམངས་དོན་བྱེད་སྒོར་ཞུགས་པའི་མཇུག་འབྲས་དེ་གྱོང་གུན་ཡིན་ན། དམངས་དོན་བྱེད་པོས་འོས་འཚམ་གྱི་གྱོང་གུན་དང་དམངས་དོན་འགན་འཁྲི་ཡང་འཁུར་དགོས།

    4《དམངས་དོན་ཁྲིམས་གཞུང》གི་དྲང་སྙོམས་ཀྱི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།

    དྲང་སྙོམས་ཀྱི་རྩ་དོན་ཞེས་པ་ནི་དྲང་སྙོམས་ཀྱི་འདུ་ཤེས་དེ་རིན་ཐང་བརྡར་གཅོད་ཀྱི་ཚད་གཞི་ཡིན་པའི་ངོས་ནས་འདྲ་མཉམ་ཡིན་པའི་བྱེད་པོའི་དབར་གྱི་རྒྱུ་ནོར་གྱི་འབྲེལ་བ་དང་མི་ལུས་ཀྱི་འབྲེལ་བ་སྙོམས་སྒྲིག་དང་དེ་བཞིན་དམངས་དོན་ཁེ་དབང་དམངས་དོན་འགན་འཁྲི་འཛུགས་པའི་དམངས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཞིག་ཡིན། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་དྲང་སྙོམས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་ལུགས་མཐུན་བྱེད་དགོས། ཞིབ་ཕྲའི་ངོས་ནས་བཤད་ན། དྲང་སྙོམས་ཀྱི་གོ་དོན་ལ་གཤམ་གྱི་ནང་དོན་ཚུད་ཡོད་དེ།

    (1)དམངས་དོན་བཅའ་ཁྲིམས་ཀྱིས་དམངས་དོན་བྱེད་པོའི་ཁེ་དབང་དང་འོས་འགན། འགན་འཁྲི་བཅས་ཚད་ལྡན་བཟོ་བའི་ཐད་དྲང་སྙོམས་ཀྱི་རྩ་དོན་མཚོན་པར་བྱས་ཏེ་ཕྱོགས་སོ་སོའི་ཁེ་ཕན་ཚང་མར་ལྟ་རྟོག་བྱེད་ཀྱི་ཡོད།

    (2)ཚུལ་མིན་ཁེ་ཆེན་ལ་ངོ་རྒོལ་དང་། དམངས་དོན་བྱ་སྤྱོད་ཀྱི་མཇུག་འབྲས་དེ་དྲང་གཞག་ཡོང་བ་བྱེད་དགོས་ཤིང་། གལ་སྲིད་དྲང་གཞག་མ་བྱུང་ཚེ་དྲང་སྙོམས་ཚད་གཞིར་འཛིན་ནས་དམངས་དོན་བྱེད་པོའི་དབར་གྱི་ཁེ་ཕན་འབྲེལ་བ་མཐུན་སྦྱོར་བྱེད་དགོས།

    (3)ཁྲིམས་ཁང་གིས་དམངས་དོན་གྱོད་གཞི་ཐག་གཅོད་བྱེད་སྐབས། བཅའ་ཁྲིམས་སུ་དམིགས་བསལ་གྱི་གཏན་འབེབས་བྱས་ཡོད་ན་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་ཞིབ་ཕྲ་མེད་པའམ་གཏན་འབེབས་མེད་ཅིང་དམངས་དོན་བྱེད་པོས་གྲོས་དན་ཡང་བཞག་མེད་ཚེ་ཁྲིམས་དཔོན་གྱིས་དྲང་སྙོམས་ཀྱི་རྩ་དོན་ལྟར་ཁྲུན་ཐག་གཅོད་དགོས།

    5《དམངས་དོན་ཁྲིམས་གཞུང》གི་ཡིད་རྟོན་འཕེར་བའི་རྩ་དོན་ལ་གོ་བ་ཇི་ལྟར་ལེན་དགོས།

    ཡིད་རྟོན་འཕེར་བའི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོས་བདེན་པ་བདེན་ཐུབ་དང་ཁ་དན་ཚིག་གནས་བྱེད་དགོས་པ་དང་། སེམས་བཟང་ངང་ཁེ་དབང་སྤྱོད་ཅིང་འོས་འགན་སྒྲུབ་པ། རང་ཉིད་ཀྱི་མི་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པ་དང་དུས་མཚུངས་དོ་བདག་བར་གྱི་ཁེ་ཕན་དོ་མཉམ་ཡོང་བ་དང་དེ་བཞིན་དོ་བདག་གི་ཁེ་ཕན་དང་སྤྱི་ཚོགས་ཁེ་ཕན་དབར་དོ་མཉམ་ཡོང་བ་དོན་གཉེར་བྱེད་པ་ལ་ཟེར། ཡིད་རྟོན་འཕེར་བའི་རྩ་དོན་གྱི་ཕན་ནུས་གཤམ་གསལ་གྱི་ཕྱོགས་གཉིས་ནས་མཚོན་ཡོད་དེ།

    (1)དོ་བདག་གིས་ཁེ་དབང་སྤྱོད་པའམ་འོས་འགན་སྒྲུབ་སྐབས་རང་ངོས་ཀྱི་འདོད་བློ་ནི་སེམས་བཟང་དང་བདེན་པ་བདེན་ཐུབ་ཡིན་པ་དང་རང་ཉིད་ཀྱི་མི་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་སྐབས་མི་གཞན་པ་དང་སྤྱི་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་ལས་རང་ཉིད་ཀྱི་ཁེ་དབང་གང་བྱུང་དུ་མི་སྤྱོད་པ།

    (2)ཁྲིམས་དཔོན་ལ་རང་དབང་གིས་ཤན་འབྱེད་བྱེད་དབང་སྤྲོད་པ། ཡིད་རྟོན་འཕེར་བར་གཏན་འཁེལ་གྱི་ཁྱབ་ཁོངས་ཤིག་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁྲིམས་འཛིན་པས་གན་རྒྱའི་གྱོད་གཞི་ཐག་གཅོད་བྱེད་སྐབས་རང་དབང་གིས་ཤན་འབྱེད་བྱེད་དབང་ཅུང་ཆེ་ཙམ་ཡོད་པས་ཁྲིམས་འཛིན་ལས་ཁུངས་ཀྱི་རང་འགུལ་ནུས་པ་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པར་ཕན་ནུས་ལྡན་པ་མ་ཟད། དེ་དང་དུས་མཚུངས་ཁྲིམས་འཛུགས་ཀྱི་མི་འདང་ས་ཁ་གསབ་བྱས་ནས་དེ་ལས་ལྷག་པའི་སྒོ་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་ཕན་ནུས་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།