དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གྲྭའི་མཐའ་འཁོར་དུ“དུ་མེད”ཁོར་ཡུག་གཏོད་པར་རམ་འདེགས་བྱེད་པའི་གྲོས་འགོ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    འདི་ལོའི་ཟླ་4པར། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་སྐབས། སྣེ་གདོང་ཆུས་སློབ་འབྲིང་ཞིག་གི་ཉེ་འགྲམ་གྱི་ཚོང་ཁང་ཞིག་གི་རྡོ་ཐ་ཚོང་གཉེར་གྱི་ཆོག་འཐུས་ལག་ཁྱེར་གྱི་དུས་ཚོད་ཡོལ་ཡང་སྔར་བཞིན་ཐ་མག་འཚོང་བ་མ་ཟད། ཚོང་ཁང་དེ་སློབ་གྲྭའི་རྒྱལ་སྒོ་དང་བར་ཐག་སྨི་70ཡང་ཟིན་མེད་པ་ཤེས་རྟོགས་བྱུང་བ་རེད།

    《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སུ་གཏན་འབེབས་ཁ་གསལ་བྱས་དོན། སློབ་གྲྭ་དང་བུ་བཅོལ་ཁང་གི་ཉེ་འཁོར་དུ་ཐ་མག་དང་ཆང་རག་འཚོང་ས་འཛུགས་མི་ཆོག་པ་མ་ཟད། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་ཆང་རག་དེ་བས་ཀྱངབཙོང་མི་ཆོག ཞིབ་དཔྱོད་ཁང་དེས་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གོང་གསལ་གྱི་སློབ་གྲྭའི་ཉེ་འཁོར་དུ་ཐ་མག་འཚོང་བའི་བྱེད་སྤྱོད་ལ་ལྟ་སྐུལ་དོ་དམ་ནུས་ལྡན་མ་བྱས་སྟབས་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་ཡོད།

    དེར་བརྟེན་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་བདུན་པར་ཁྲིམས་ལྟར་ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་ཞིབ་དཔྱོད་གྲོས་འགོའི་ཡི་གེ་བཏང་སྟེ། ཁོང་ཚོར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབས་ནས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭའི་ཉེ་འཁོར་དུ་སྒྲིག་འགལ་ངང་ཐ་མག་འཚོང་བའི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་རྡོ་ཐ་འཚོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་འབྲེལ་རྒྱུན་གཏན་གྱི་ལྟ་སྐུལ་དང་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ“ན་སོ་དར་ལ་མ་བབས་པའི་མིར་ཐ་མག་འཚོང་མི་ཆོག་པའི”མཚོན་རྟགས་ཚད་ལྡན་དུ་གཏོང་དགོས་པའི་གྲོས་འགོ་ཡང་བཏོན་པ་རེད།

    ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་འབྱོར་རྗེས་ཚད་མཐོའི་མཐོང་ཆེན་བྱས་ནས་བཅོས་སྒྲིག་མགྱོགས་པོ་བྱས་པ་རེད། 《ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས“ཡར་ཀླུང་སྤྱི་བདེ་ཆ་འཕྲིན”གྱི་ཐ་མག་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》བཟོས་ནས་ཁྲིམས་འཛིན་མི་སྣས་སློབ་གྲྭའི་ཉེ་འགྲམ་གྱི་ཐ་མག་སིལ་ཚོང་ཁང་ཁྱབ་ཚུལ་ལ་མཐིལ་རྟོགས་དང་གྲལ་བཤེར་གཏིང་ཟབ་བྱས་ཏེ་རྩིས་ཐོ་བཟོས་ནས་གཙོ་གནད་རྗེས་འདེད་ལྟ་སྐུལ་དོ་དམ་དང་རིགས་དབྱེ་བཅོས་སྒྲིག་བྱས་པ་རེད། 《 ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་རྡོ་ཐའི་གྲུབ་རྫས་སིལ་ཚོང་བྱ་ཡུལ་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུའི་གཏན་འབེབས》ལག་བསྟར་ནན་ཏན་བྱས་ཏེ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དང་བར་ཐག་སྨི་70ཡི་ནང་དུ་རྡོ་ཐ་སིལ་ཚོང་བྱེད་ས་བཙུགས་མི་ཆོག་པའི་བླང་བྱ་དོན་འཁྱོལ་བྱས་ནས་སྲིད་འཛིན་ཆོག་འཐུས་ཚོད་འཛིན་གྱི་འགག་སྒོ་ནན་པོར་སྲུང་བ་དང་སིལ་ཚོང་བྱེད་ས་ལུགས་མཐུན་ངང་ཚོད་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།