ཐཱ་ལི་མུའུ་སྣུམ་ཞིང་གིས་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་དུང་ཕྱུར་3400མཁོ་འདོན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན་བར། རང་རྒྱལ་གྱི་ནུས་རྒྱུའི་འཕར་རྩ་ཆེན་པོ་ནུབ་རླངས་ཤར་འདྲེན་ལས་གྲྭ་སྟེ། ཤིན་ཅང་ལྷོ་རྒྱུད་དུ་གནས་པའི་ཀྲུང་གོ་རྡོ་སྣུམ་ཐཱ་ལི་མུའུ་སྣུམ་ཞིང་གིས་རིམ་རྩིས་བྱས་ན་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་དུང་ཕྱུར་3400མཁོ་འདོན་བྱས་ནས། སྨད་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོར་རང་བྱུང་སོལ་རླངས་ཐོན་ཁུངས་འགན་ལེན་བྱས་པ་རེད།
ཐཱ་ལི་མུའུ་སྣུམ་ཞིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐཱ་ལི་མུའུ་གཤོང་སའི་རང་བྱུང་སོལ་རླངས་དེ་ནུབ་རླངས་ཤར་འདྲེན་ལས་གྲྭ་བརྒྱུད་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་15དང་གྲོང་ཁྱེར་ཆེ་འབྲིང་120ལྷག་ཙམ་གྱི་གྲོང་མི་དུང་ཕྱུར་4ཙམ་ལ་ཕན་པ་ཐོབ་ནས། རང་རྒྱལ་གྱི་ཤར་རྒྱུད་དང་ལྷག་པར་དུ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ནུས་རྒྱུ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་མ་ཐེབས་ཏེ་སྤྱི་ཚོགས་དང་། དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་པ་རེད།