རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས“སྲིད་ཇུས་ཀྱིས་མི་འཚོལ་བ”མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་བ།
མུ་མཐུད་ལེགས་སུ་དང་འཐུས་སྒོ་ཚང་དུ་འགྲོ་བའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་མུ་མཐུད་ལེགས་སུ་བཏང་ནས“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་སྟེ་ཁྲལ་གྲོན་གཟིགས་སྐྱོང་ཐད་ཀར་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།
ཞབས་འདེགས་གནད་སྨིན་རང་བཞིན་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཇུས་འགོད་ཧུར་ཐག་བྱས་ནས“དགེ་མཚན་ལྡན་པའི་འགྱུར་ལྡོག་གཉིས”མངོན་འགྱུར་ཐུབ་པ་དམ་འཛིན་བྱ་གཞིར་བྱས་ཏེ། གྲངས་གཞི་ཆེ་མོའི་རྒྱབ་སྟེགས་ལ་བརྟེན་ནས་གདམ་གསེས་དང་། སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད། གསར་གཏོད་ཞབས་ཞུ་ལེགས་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད། གཟིགས་སྐྱོང་སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁྲལ་འཇལ་བ་གནད་སྨིན་བདམས་གསེས་རྒྱག་པ་དང་། ལས་རིགས་དང་། གཞི་ཁྱོན། སྲིད་ཇུས་བཅས་འཚམ་ཚད་མི་འདྲ་བའི་ཚོང་གཉེར་བྱེད་པོ་350ལ་མགྱོགས་མྱུར་གྲལ་བཤེར་བྱས་ནས“སྲིད་ཇུས་གནད་སྨིན་ཁྱབ་གདལ་གྱི་གསལ་ཐོ”བཟོས་ཏེ་ཚོང་གཉེར་བྱེད་པོར་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་སྡེབ་གཅིག་ལ་ཁྱབ་གདལ་བཏང་བ་རེད།
འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ཁྱབ་གདལ་གཏོང་རྒྱུ་དེ་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པའི་བྱེད་ཐབས་ཤིག་ལ་བརྩིས་ནས《ཁྲལ་བསྡུའི་སྲིད་ཇུས་གནད་སྨིན་ཁྱབ་གདལ་གཏོང་བའི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། སྲིད་ཇུས་སྤྱོད་ཡུལ་མི་འདྲ་བ་དང་། སྤྱོད་གོ་ཆོད་པའི་དུས་ཚོད། སྤྱོད་གོ་ཆོད་པའི་མི་བཅས་ལ་གཞིགས་ནས་ཁྲལ་འཇལ་བ་དང་གྲོན་འཇལ་བར་ལས་རིགས་དབྱེ་བ་དང་། ལས་སྒོ་དབྱེ་བ། ངོ་བོ་དབྱེ་བ་བཅས་ཀྱི་ཐོ་གསལ་པོ་ཞིག་ནུས་ཤུགས་ཡོད་རྒུས་བཟོས་པ། སྤྱོད་གོ་ཆོད་པའི་སྲིད་ཇུས་གནད་སྨིན་ལྷན་སྦྱར་བཅས་བྱས་ཏེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”བར་དང“རྒྱ་མཚོའི་ནང་ནས་ཁབ་འཚོལ་བ”ནས“མཛུབ་མོ་གནོན་ཐེངས་གཅིག་གིས་རག་པའི”བར་འགྱུར་ལྡོག་བྱུང་ཡོད།
གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“སྲིད་ཇུས་ཀྱིས་མི་འཚོལ་བའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱེད་སྐབས་རང་འགུལ་ངང་ཁྲལ་བསྡུའི་གྲངས་གཞི་ཆེན་པོར་བརྟེན་ནས་གནད་སྨིན་ཁྱབ་གདལ་གཏོང་བའི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས“སྲིད་ཇུས་ཀྱིས་མི་འཚོལ་བ”དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། “དྲ་ཐོག་ཁྲལ་དོན་ཅུས་ཁ་ཕྱེ་ཚེ། ཁྲལ་དོན་སྡེ་ཚན་གྱིས་བཏང་བའི་ཁྲལ་བསྡུའི་སྲིད་ཇུས་ཀྱི་དྲན་སྐུལ་མཐོང་ཐུབ་པས། རང་ཉིད་ཀྱིས་གང་སར་འཚོལ་དགོས་ཀྱི་མེད་པར་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོ་བྱུང་བའི་གཞིས་རྩེ་གྲོང་ཁྱེར་བྱམས་པ་འཕྲུལ་ཆས་བོགས་གཏོང་ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བ་བསྟན་འཛིན་ཕུན་ཚོགས་ཀྱིས་བརྗོད།
སྲིད་ཇུས་གནད་སྨིན་ངང་དྲིལ་བསྒྲགས་བྱས་པས་ཁེ་ལས་དེ་བས་མང་བར་ཕན་པ་ཐོབ་པ་དང་བསྟུན་ནས། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲན་གྲོན་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་འགྲེལ་བཤད་ཡག་པོ་རྒྱག་རྒྱུ་ལས་དོན་གཙོ་བོར་འཛིན་ཏེ། མཐུན་སྦྱོར་མཉམ་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་གཞི་མཉམ་སྤྱོད་ཀྱི་ཕུགས་ཕན་ལམ་སྲོལ་བཟོས་པ། “སྲིད་ཇུས་ཀྱིས་མི་འཚོལ་བའི”དོན་འཁྱོལ་ལམ་སྲོལ་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། ཁེ་ལས་འཕེལ་རྒྱས་གཏོང་བའི་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།