དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-07

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་ས་ཆ་མང་པོར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད།

    སྡེ་ཁུལ་དུ་ཚན་རྩལ་ཁྱབ་གདལ་བཏང་ནས་བདེ་འཇགས་དྲ་བ་བརྟན་དུ་བཏང་ཞིང་། ལྷ་སར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་མི་སྣ་འདུ་འཛོམས་ཆེ་བའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་ས་ཡོམ་དང་། གངས་འཁྱགས། འདམ་རྡོའི་ཆུ་རུད་སོགས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དྲིལ་བསྒྲགས་ས་ཚུགས་དང་སྒྲིག་ཆས་འགྲེམས་སྟོན་ཁུལ་མང་པོ་བཙུགས་ནས། མང་ཚོགས་ལ་གནོད་འཚེ་ཤེས་རྟོགས་དང་། གནོད་འཚེ་ལས་གཡོལ་ཐབས། ཉེན་ཁ་ལས་གཡོལ་ཐབས་བཅས་ཀྱི་རྨང་གཞིའི་ཤེས་བྱ་དང་སྔོན་འགོག་རང་སྐྱོབ་ཀྱི་རྩལ་ནུས་དྲིལ་བསྒྲགས་བྱས་ཡོད། ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སྒྲོམ་སྟེགས་ཆེད་མངགས་བཙུགས་ཤིང་། ནགས་ཚལ་མེ་སྐྱོན་གྱི་གྱོད་དཔེར་གཞིགས་ཏེ་ནགས་ཚལ་མེ་སྐྱོན་ཇི་ལྟར་སྔོན་འགོག་དང་ནགས་ཚལ་མེ་སྐྱོན་ལས་ཇི་ལྟར་ཐར་ཐབས་བྱེད་དགོས་པ་སོགས་ཀྱི་རྒྱུན་ཤེས་གསལ་འགྲེལ་བྱས་པ་དང་འབྲེལ། མང་ཚོགས་ཀྱིས་བཏོན་པའི་དྲི་བ་དང་དོགས་གནད་ལ་རེ་རེ་བཞིན་ལན་བཏབ་པ་རེད། དེ་ཁུལ་དུ་ཡོད་པའི་མང་ཚོགས་ཀྱིས། ཐེངས་འདིའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲཌ་བྱེད་སྒོ་བརྒྱུད། ཛ་དྲག་ཉེན་གཡོལ་གྱི་རྒྱུན་ཤེས་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཀྱི་རྩལ་ནུས་ཁོང་དུ་ཆུད་ལ། གནོད་འཚེའི་ལས་འཛོལ་སྣ་ཚོགས་ལ་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་ཅིང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་ནུས་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    སློབ་གྲྭར་ཉམས་ལེན་བྱེད་སྒོ་སྤེལ་ནས་བྱིས་པ་དང་ཉེ་བཅར་བྱས་ཤིང་། ཆབ་མདོར་མཛོ་སྒང་རུ་འབྲིང་གིས་ཕྲུ་གུ་ཆུང་ཆུང་ནས་མེ་ཟོན་ལ་དམ་འཛིན་བྱས་པ་དང་། བཀོད་འཐབ་པ་20ལྷག་ཙམ་གྱིས་རྫོང་སློབ་ཆུང་གཉིས་པར་བསྐྱོད་དྲིལ་བསྒྲགས་བྱས་ལ། དེའི་དམིགས་ཡུལ་ནི་རྒྱ་ཆེའི་དགེ་སློབ་ཚོའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་བཏང་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྒྱུན་ཤེས་ཁྱབ་གདལ་བཏང་སྟེ“མི་གཅིག་ལ་སློབ་གསོ་དང་། ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད། སྤྱི་ཚོགས་ཡོངས་ལ་ཁྱབ་འགྱེད”བཅས་ཀྱི་དྲིལ་བསྒྲགས་ཕན་འབྲས་ཐོན་པ་བྱེད་རྒྱུ་དེ་རེད། བཀོད་འཐབ་པ་ཚོས་དགེ་སློབ་རྣམས་ལ་རོགས་སྐྱོབ་སྒྲིག་ཆས་སྣ་ཚོགས་ཀྱི་ནུས་པ་དང་སྤྱོད་སྟངས་ངོ་སྤྲོད་བྱས་པ་དང་འབྲེལ། སློབ་མ་ཚོར་ས་གནས་ས་ཐོག་ཏུ་རོགས་སྐྱོབ་སྒྲིག་ཆས་ཉམས་ལེན་བྱེད་དུ་བཅུག་ནས། དགེ་སློབ་རྣམས་དེའི་ནང་ཞུགས་པའི་ཧུར་སེམས་ཤུགས་ཆེན་འཕེལ་བར་བྱས་ཏེ་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་པ་རེད།

    མཛེས་ལྗོངས་ཁུལ་དུ་དྲིལ་བསྒྲགས་བྱས་ནས་མ་བྱུང་སྔོན་འགོག་བྱས་ཤིང་། ཉིང་ཁྲིར་སྨན་གླིང་རུ་འབྲིང་གིས་མཛེས་ལྗོངས་ཁུལ་དང་ནཌ་ཁུལ་སོགས་མི་སྣ་ཅུང་མང་བའི་མ་ལམ་དུ་དྲིལ་བསྒྲགས་བྱེད་པར་བསྐྱོད་པ་དང་། མེ་ཟོན་པས་ཡུལ་སྐོར་བར་ནགས་ཚལ་མེ་ཟོན་གྱི་ཤེས་བྱ་ཕྱོགས་ཡོངས་དང་ཞིབ་ཚགས་ངང་གསལ་འགྲེལ་བྱས་ཏེ། ཡུལ་སྐོར་བས་རི་ཁུལ་དང་ནགས་ཁུལ་དུ་སྐྱོད་སྐབས་མེ་ཁུངས་འཁྱེར་མི་ཆོག་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།