དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོར་སྡོད་ཁང་ལ་མེ་སྐྱོན་བྱུང་བས་ཉེན་རྟོག་པ་དང་མེ་ཟོན་རུ་མིས་རོགས་སྐྱོབ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཟླ་10ཚེས་17ཉིན་གྱི་ཆུ་ཚོད་14ཙམ་ལ་ཁ་རུབ་ཆུས་སྤོམ་མདའ་ཁྲོམ་གཞུང་གི་མང་ཚོགས་ཀྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དང་། མི་དམངས་ཉེན་རྟོག་པ་དང་མེ་ཟོན་རུ་མིའི་ཐུན་མོང་གི་འབད་བརྩོན་འོག་མེ་བདེ་བླག་ངང་བསད་ཐུབ་ཡོད། འདི་ནི་མེ་སྐྱོན་ཐོན་ཡུལ་ཡིན་པ།

    ཉེ་ཆར། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་14ཙམ་ལ་ཁ་རུབ་ཆུས་སྤོམ་མདའ་ཁྲོམ་གཞུང་གི་མང་ཚོགས་ཀྱི་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་བ་དང་། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མེ་ཤོར་སར་རོགས་སྐྱོབ་ལས་དོན་སྤེལ་བ་རེད། མི་དམངས་ཉེན་རྟོག་པ་དེ་གར་འབྱོར་རྗེས་མེ་སྐྱོན་བྱུང་བའི་མང་ཚོགས་ཀྱི་སྡོད་ཁང་ནི་ས་རྡོ་དང་ཤིང་ལས་གྲུབ་པའི་ཐོག་སོ་གསུམ་ལྡན་གྱི་ཁང་པ་ཞིག་ཡིན་པ་དང་། མེ་ཤོར་ས་གཙོ་བོ་ཐོག་སོ་གཉིས་པའི་ཁང་པ་དང་པོར་ཡིན་པར་ཤེས། མེ་སྐྱོན་ཐོན་སར་མེ་དྲག་པོ་འབར་ཞིང་དུ་བ་ཡང་ལང་ལོང་དུ་འཕྱུར་བཞིན་ཡོད།

    མི་སྣ་ཤི་རྨས་མི་ཡོང་བ་བྱ་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁང་པའི་ནང་དང་ཉེ་འགྲམ་གྱི་མང་ཚོགས་ཁ་འགྲེམ་དུ་བཅུག་པ་དང་། ད་དུང་ཉེན་ཁར་མ་འཛེམས་པར་སོལ་རླངས་དབུགས་རིལ་སོགས་འབར་གས་སླ་བའི་དངོས་པོ་དབོར་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། མེ་གསོད་ཡོ་བྱད་སོགས་སྤྱད་དེ་མེ་གསོད་ལས་དོན་སྤེལ་བ་རེད། མཐར་མི་དམངས་ཉེན་རྟོག་པ་དང་མེ་ཟོན་རུ་མིའི་ཐུན་མོང་འབད་བརྩོན་འོག མེ་བདེ་བླག་ངང་བསད་ཐུབ་ཡོད། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་སེམས་གསོ་བཏང་བ་དང་ཁོ་ཚོར་ཁང་པའི་ནང་གི་དངོས་པོ་གཙང་སེལ་བྱེད་རོགས་དང་མང་ཚོགས་ཀྱི་གྱོང་གུན་ཉུང་དུ་གཏོང་རོགས་བྱས་པ་མ་ཟད། མང་ཚོགས་ལ་གུར་བརྒྱབ་ནས་གནས་སྐབས་ཀྱི་སྡོད་ས་ཡང་བཀོད་སྒྲིག་བྱས་པ་རེད།

    ཕྱིས་སུ་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་མུ་མཐུད་དོ་ཁུར་བྱས་ནས་རྗེས་མཐུད་ཀྱི་འཚམས་འདྲི་དང་། སེམས་གསོ། རོགས་རམ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་ཞིབ་བཤེར་དང་དེ་བཞིན་མང་ཚོགས་ཀྱི་བདེ་འཇགས་སློབ་གསོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།