དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས།

    སྨད་འཚོང་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    “འཆལ་རྒྱན་དུག་གསུམ”གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་གནད་སྨིན་ཤུགས་འདོན་དང་རྡུང་རྡེག་ཚ་ནན་བཏང་སྟེ་མི་གཞན་ལ་གནས་གཡར་ཏེ་སྨད་འཚོང་དུ་བཅུག་པ་དང་མི་གཞན་ལ་སྨད་འཚོང་ངོ་སྤྲོད་བྱས་པའི་གྱོད་གཞི་ཞིག་རྩད་བཅད་ནས་ཉེས་གསོག་དོགས་ཅན་1དང་སྨད་འཚོང་མ་2བཟུང་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་10ཚེས་12ཉིན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཐེམ་ཁོངས་སི་ཁྲོན་ནས་ཡིན་པའི་སྐྱེས་པ་ལིའུ་ཆེ་གེ་མོས་མི་གཞན་ལ་སྨད་འཚོང་ངོ་སྤྲོད་བྱས་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་འཕྲལ། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། 2023ལོའི་ཟླ་བདུན་པ་ནས་ད་བར་དུ། ལིའུ་ཆེ་གེ་མོས་ཁ་པར་དང་སྐད་འཕྲིན་བརྒྱུད་སྨད་འཚོང་མ་ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་གཉིས་ལ་སྨད་འཚོང་ཁྲིམས་འགལ་བྱེད་སྤྱོད་ཐེངས་7སྤེལ་དུ་བཅུག་པ་མ་ཟད། ལིའུ་ཆེ་གེ་མོས་དེའི་ཁྲོད་ནས་སྒོར་2200རང་གིས་ངོ་སྤྲོད་བྱས་པའི་གླ་ཆའི་ཚོད་དུ་འཐེན་ཡོད་པ་རེད།

    ཟླ་10ཚེས་12ཉིན། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་མི་དམངས་ཉེན་རྟོག་པས་ཁ་རུབ་ཆུས་ཀྱི་ཨར་ཁང་ཞིག་ནས་ལིའུ་ཆེ་གེ་མོ་བཟུང་པ་དང་། འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་འཆལ་པོར་སྨད་འཚོང་མ་ངོ་སྤྲོད་བྱས་ཏེ་སྨད་འཚོང་བྱེད་སྤྱོད་སྤེལ་དུ་བཅུག་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེར་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    སྨད་འཚོང་འཆལ་རྒྱུག་སོགས་ཀྱི་སྣང་ཚུལ་ཐ་ཤལ་ནི་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཤུགས་རྐྱེན་ངན་པ་བཟོ་བའི་དུག་སྐྲན་ལྟ་བུ་ཡིན་པས། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས“འཆལ་འབྲེལ”གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྨད་འཚོང་འཆལ་རྒྱུག་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་ཁོངས་གཏོགས་ཀྱི“འཆལ་འབྲེལ”གནས་ཡུལ་ཁག་ལ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།