དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས།

    “བྱིས་པ་པྲ་ཚགས”ཤིག་གིས་རོལ་རྩེད་མཉེན་ཆས་ལ་བླུགས་པའི་དངུལ་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

     ཉེ་ཆར། རྒྱ་ཚ་རྫོང་ཁོངས་གཏོགས་ཀྱི་ཡུལ་མི་ཨ་ཅག་ཆོས་ལགས་ཀྱིས་རྒྱ་ཚ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གཞུང་ལས་ཁང་ལ“མི་དམངས་ཀྱི་ཉེན་རྟོག་པ་བཟང་པོར་ཐུགས་རྗེ་ཆེ་ཞུ། གཞན་ལ་རོགས་རམ་བྱེད་པར་དགའ་བའི་གོམས་སྲོལ་གསར་པ་དར་སྤེལ་བཏང”ཞེས་བྲིས་པའི་གོས་དར་ཞིག་ཕུལ་ནས། ཕྲུ་གུས་ལག་ཐོགས་ཁ་པར་གྱི་རོལ་རྩེད་མཉེན་ཆས་ལ་བླུགས་པའི་དངུལ་མི་དམངས་ཉེན་རྟོག་པས་ཚུར་ལེན་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་བཞི་པ་ནས་བཟུང་། ཨ་ཅག་ཆོས་ལགས་ཀྱི་ལག་ཐོགས་ཁ་པར་དུ་དངུལ་འཐེན་པའི་འཕྲིན་ཐུང་ཐེངས་ཁ་ཤས་འབྱོར་ཡང་དོ་སྣང་བྱས་མེད། ཡིན་ཡང་ཟླ་8ཚེས་28ཉིན། ཨ་ཅག་ཆོས་ལགས་ཀྱིས་ལག་ཐོགས་ཁ་པར་དུ་འབྱོར་བའི་འཕྲིན་ཐུང་ཀློག་སྐབས་རང་ཉིད་ཀྱི་དངུལ་ཁང་རྩིས་ཐོ་ནས་དངུལ་སྒོར་14000ལྷག་འཐེན་པ་ཤེས། ལག་ཐོགས་ཁ་པར་གྱི་འཛད་སྤྱོད་ཟིན་ཐོར་བལྟས་རྗེས་ལོ་12ལས་མ་སོན་པའི་ཕྲུ་གུས་དངུལ་དེ་དག་ལག་ཐོགས་ཁ་པར་གྱི་རོལ་རྩེད་མཉེན་ཆས་སུ་བླུགས་པ་གཞི་ནས་ཤེས།

    ཨ་ཅག་ཆོས་ལགས་ཀྱི་ནང་མིར་མཚོན་ན། སྒོར་14000ལྷག་ནི་དངུལ་གྲངས་ཉུང་ཉུང་ཞིག་གཏན་ནས་མིན་པས། ཅི་བྱ་གཏོལ་མེད་དུ་གྱུར་པའི་ཨ་ཅག་ཆོས་ལགས་ཀྱིས་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ལ་དངུལ་ཚུར་ལེན་རོགས་ཞེས་རེ་འདུན་མི་ཞུ་ཀ་མེད་བྱུང་། གནས་ཚུལ་ཤེས་རྟོགས་བྱས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་རོལ་རྩེད་ལས་སྟེགས་དེའི་གཞུང་ཕྱོགས་ཚོང་ཞབས་དང་ཕྱོགས་གསུམ་པའི་གཏོང་སྤྲོད་ལས་སྟེགས་ལ་འབྲེལ་གཏུག་བྱས་ཏེ་དངུལ་ཚུར་སློག་པའི་དོན་དག་ཐད་གྲོས་མོལ་ཐེངས་མང་བྱས་པ་རེད།

    དངུལ་ཚུར་སློག་པའི་བརྒྱུད་རིམ་ཅུང་རྙོག་འཛིང་ཆེ་བའི་ཁར་ཨ་ཅག་ཆོས་ལགས་ཀྱིས་ཁ་པར་ཡག་པོ་སྤྱོད་མ་ཤེས་སྟབས། མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཨ་ཅག་ཆོས་ལགས་ལ་འབྲེལ་ཡོད་ར་སྤྲོད་དཔྱད་གཞི་འཚོལ་སྡུད་དང་དྲ་ཐོག་ཏུ་བསྐུར་རོགས་བྱས་ནས་དངུལ་སློག་པའི་འགྲོ་ལུགས་གཉེར་རོགས་བྱས་མཐར་དངུལ་སྒོར་10200ཕྱིར་ལེན་ཐུབ་པ་རེད།

    དེ་རྗེས། མི་དམངས་ཉེན་རྟོག་པས་ཨ་ཅག་ཆོས་ལགས་ལ་ཁ་ཏ་སློབ་སྟོན་བྱས་པ་དང་ཆབས་ཅིག ཕྲུ་གུར་དྲ་རྒྱའི་རོལ་རྩེད་ལ་ལྟ་སྟངས་ཡང་དག་འཛིན་པར་ཁྲིད་སྟོན་དང་། ཕྲུ་གུའི་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་དང་སྦྲགས། སྐད་འཕྲིན་དང་། གཏོང་སྤྲོད་འབོ། དངུལ་ཁང་གཱ་སོགས་གཏོང་སྤྲོད་ཡོ་ཆས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དགོས་མེད་ཀྱི་རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་གཏོང་རྒྱུའི་རེ་བ་ཡང་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།