ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ནས་གྱོད་འབྲེལ་དངུལ་འབོར་མང་ཤོས་ཀྱི་རྡོ་ཐའི་གྱོད་གཞི་ཞིག་རྩད་ཆོད་པ།
ཐ་མག་རྫུན་མ་ཉོ་བ་དང་། ཉར་བ། འཚོང་བ་བཅས་ཀྱི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ།
འདི་ནི་ལག་ཏུ་ཐེབས་པའི་ཐ་མག་རྡར་ཚན་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་དུ་2022ལོའི“1·18”ཀྱི་ཐ་མག་རྫུན་མ་བཙོངས་པའི་དྲ་རྒྱའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས། ཐ་མག་རྫུན་མ་རྡར་ཚན་5402ཞིབ་བཤེར་ཐུབ་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་82.53ཟིན་ཞིང་། ཉེས་གསོག་དོགས་ཅན་1ལ་ཁྲིམས་འགལ་གཉེར་སྐྱོང་བྱས་པའི་ཉེས་པ་ལྟར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་དང་དངུལ་ཆད་བཅད་པ་མ་ཟད། གྱོད་འབྲེལ་ཐ་མག་གཞུང་བཞེས་བཏང་བ་རེད། ཉེས་གསོག་དོགས་ཅན་2བཟུང་ནས་འདྲི་གཅོད་ཀྱི་བཀའ་བསྒུགས་ནས་བསྡད་ཡོད། དེར་བརྟེན། ལྷ་ས་གྲོང་ཁྱེར་གྱིས་ཐ་མག་རྫུན་མ་ཉོ་བ་དང་། ཉར་བ། འཚོང་བ་བཅས་ཀྱི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་རེད། འདི་ནི་ལྗོངས་ཡོངས་ནས་རྩད་ཆོད་པའི་ཐ་མག་དང་འབྲེལ་བའི་རིམ་བཞིའི་རྒྱལ་སྤྱིའི་གྱོད་གཞི་ཚབས་ཆེན་ཐོག་མ་དེ་རེད།
2021ལོའི་ཟླ་12ཚེས་14ཉིན། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་ཐ་མག་རྫུན་མ་ཁག་གཅིག་ནན་ཉིང་ནས་ལྷ་སར་དབོར་རྩིས་འདུག་ཅེས་མང་ཚོགས་ཀྱི་ཐེར་འདོན་ཁ་པར་འབྱོར། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཁྲིམས་སྒྱུར་བས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་གི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཞིང་འབྲོག་ཚན་རིག་ལམ་གྱི་སྦྲག་སྐྱེལ་ས་ཚིགས་ཤིག་ནས་ཉེས་གསོག་དོགས་ཅན་ཀྲེན་ཆེ་གེ་མོ་བཟུང་བ་དང་། ས་ཆ་དེ་རང་ནས་ནན་ཅིང(ཞོན་ཧོ་མོན)རྟགས་ཅན་གྱི་ཐ་མག་རྫུན་མ་རྡར་ཚན་2592ཞིབ་བཤེར་ཐུབ་པར་གྱོད་འབྲེལ་དངུལ་སྒོར་ཁྲི་41.47ཟིན་གྱི་ཡོད།
གྱོད་གཞི་དེ་ཁྱབ་རྒྱ་ཆེ་ལ་གྱོད་དོན་རྙོག་འཛིང་ཆེ་བས་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གྱོད་གཞིའི་ཁུངས་སྣེ་ཞིབ་པར་བཙལ་ཁར་ནུས་ཤུགས་ཡོད་རྒུས་གྲུབ་འབྲས་རྒྱ་ཆེར་བཏང་ཞིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་2022ལོའི་ཟླ་1ཚེས་18ཉིན་གྱོད་གཞི་དེ་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་། ཕྱོགས་གཉིས་པོས་མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་འཛུགས་རྒྱུའི་ཐག་བཅད་པ་རེད། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་སྔ་རྗེས་སུ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དང་། ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བཅས་སུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་བྱས་པ་དང་། གོང་གསལ་གྱི་གྱོད་གཞི་དེ་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་དང་ཙའོ་དབྱང་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་2020ལོའི་ཟླ་8ཚེས་17ཉིན་རྩད་ཆོད་པའི་ཁྲིམས་འགལ་ངང་ཐ་མག་རྫུན་མ་དབོར་བའི་གྱོད་གཞི་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཞིང་། སྐབས་དེར་ཙའོ་དབྱང་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་མང་ཚོགས་ཀྱི་ཐེར་འདོན་ལྟར་ཟོག་འདྲེན་རླངས་འཁོར་ཞིག་ནས་ཐ་མག་ཡུན་ཡན(ཐ་མག་ཙེ་ཡན)དང་ནན་ཅིང(ཞོན་ཧོ་མོན)རྟགས་ཅན་གྱི་ཐ་མག་རྫུན་མ་རྡར་ཚན་2810ཞིབ་བཤེར་ཐུབ་པར་གྱོད་འབྲེལ་དངུལ་སྒོར་ཁྲི་41.06ཟིན་གྱི་ཡོད། ཆེད་དོན་གྱོད་སྒྲུབ་ཚོཌ་ཆུང་གིས་བརྟག་དཔྱད་དཔང་ལེན་བྱས་རྗེས། ཀྲང་ཆེ་གེ་མོ་དང་། ཏེང་ཆེ་གེ་མོ། ཀྲེན་ཆེ་གེ་མོ་སོགས་ཀྱིས་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་བཙོངས་པ་དང་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་ཉེས་གསོག་དོན་དངོས་རྩད་གཅོད་མཐའ་གསལ་བྱུང་བ་རེད།
སྐྱེས་པ་ཞིག་གིས་ཁྲིམས་འགལ་ངང་ཐ་མག་རྡར་ཚན་148ལྐོག་འདྲེན་བྱས་པར་ཞིབ་བཤེར་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་མཁར་རུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་ཁྲིམས་འགལ་ངང་རྡོ་ཐ་ལྐོག་འདྲེན་གྱི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཐ་མག་རྡར་ཚན་148ལག་ཏུ་ཐེབས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། ཟླ་10ཚེས་13ཉིན་གྱི་ཆུ་ཚོད་14ཙམ་ལ། མཁར་རུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཟོག་འདྲེན་རླངས་འཁོར་དཀྱུས་མ་ཞིག་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་སྐབས། རླངས་འཁོར་དེའི་འཁོར་སྒྲོམ་ནང་ཐ་མག་མང་པོ་བླུགས་ཡོད་པ་མཐོང་འཕྲལ། གྲངས་ཀ་བརྒྱབ་པ་བརྒྱུད་ལན་ཀྲོའུ་དང་། པའེ་ཧྲ། མདུན་སྒོ་ཆེ་མོ་སོགས་རྟགས་ཅན་གྱི་ཐ་མག་རྡར་ཚན་148ཡོད་པ་རེད། དེ་རྗེས། མི་དམངས་ཉེན་རྟོག་པས་ཁ་ལོ་བ་ཀའོ་ཆེ་གེ་མོར་འདྲི་རྩད་བྱས་པ་བརྒྱུད། ཀའོ་ཆེ་གེ་མོས་རང་ཉིད་ལ་ཐ་མག་སྐྱེལ་འདྲེན་ཆོག་པའི་ལག་ཁྱེར་གང་ཡང་མེད་པ་ངོས་ལེན་ཞུས་པ་རེད། མི་དམངས་ཉེན་རྟོག་པས་ཁོ་པར་ཐ་མག་འཁྱེར་བའི་རྒྱུ་མཚན་འདྲི་སྐབས། ཀའོ་ཆེ་གེ་མོས། ཐ་མག་འདི་དག་གཞིས་རྩེ་གྲོང་ཁྱེར་ནས་གྲོགས་པོ་ཞིག་གིས་ལྷ་སར་འཁྱེར་རོགས་ཞེས་མངགས་བྱུང་། ངས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཤེས་ཀྱི་མེད་པས་ཁྱེར་ཡོང་བ་ཡིན་ཞེས་བརྗོད།
འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། ཐ་མག་ཁྱེར་དགོས་ཚེ་མང་ཤོས་ལ་རྡར་ཚན་50ལས་འཁྱེར་ཆོག་གི་མེད། གལ་སྲིད་ཚད་ལས་བརྒལ་ཚེ། ལག་ཁྱེར་མེད་པར་ལྐོག་འདྲེན་བྱས་པར་གཞིགས་ནས་ཆད་པ་གཅོད་རྒྱུ་མ་ཟད། ཉེས་གསོག་གི་དོགས་གཞི་ཡོད་ཚེ་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པར་རྩིས་སྤྲོད་ཀྱི་ཡོད་པ་རེད།
མིག་སྔར། མི་དམངས་ཉེན་རྟོག་པས་ཀའོ་ཆེ་གེ་མོ་དང་ཁོ་པས་འཁྱེར་བའི་ཐ་མག་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ལ་སྔར་བས་ཐག་གཅོད་བྱེད་པར་རྩིས་སྤྲད་པ་རེད།
འདི་གར། མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱ་རྒྱུར། ཆེད་འཚོང་ཐ་མག་གཞན་ལ་བསྐུར་བའམ་ཡང་སོ་སོས་སྐྱེལ་འདྲེན་བྱེད་པར་ངེས་པར་དུ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཚན་ནམ་རྡོ་ཐ་ཆེད་འཚོང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཁས་ལེན་པའི་ལས་ཁུངས་ནས་སྤྲད་པའི་སྐྱེལ་འདྲེན་ལག་ཁྱེར་ཡོད་དགོས། ཆེད་འཚོང་ཐ་མག་སྐྱེལ་འདྲེན་ལག་ཁྱེར་མེད་པར་ཆེད་འཚོང་ཐ་མག་སྐྱེལ་འདྲེན་བྱེད་པའི་བྱེད་སྤྱོད་ལ། 《རྡོ་ཐ་ཆེད་འཚོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་ང་ལྔ་པའི་ནང་གསེས་གསུམ་པར་གཞིགས་ཆོག་པ་སྟེ། སྐྱེལ་འདྲེན་བྱེད་མཁན་གྱིས་ཆེད་འཚོང་ཐ་མག་ཡིན་པ་ཤེས་བཞིན་དུ་སྐྱེལ་འདྲེན་ལག་ཁྱེར་མེད་པའི་སྡེ་ཚན་དང་མི་སྒེར་ལ་སྐྱེལ་འདྲེན་བྱེད་རོགས་བྱས་པ་ཡིན་ན། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱས་པའི་ཆེད་འཚོང་ཐ་མག་རིན་གོང་གི་10%ཡན་ནས་བརྒྱ་ཆ་20%མན་གྱི་དངུལ་ཆད་གཅོད་ཆོག་གི་ཡོད།