ཟངས་རིའི་སྤྱི་བདེས།
རྒྱན་ཆ་དང་དངུལ་སྨར་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།
ཉེ་ཆར། ཟངས་རི་རྫོང་རོང་ཤང་སྐྱིད་གྲོང་གྲོང་ཚོའི་ཨ་ཅག་ནོར་ལགས་ཁྱིམ་དུ་ལོག་རྗེས་གསེར་གྱི་རྒྱན་ཆ་དང་དངུལ་སྨར་སྒོར་600ལྷག་གར་སོང་ཆ་མེད་དུ་གྱུར་བ་གང་སར་བཙལ་ཡང་མ་རྙེད་མཐར་གྱོད་དོན་སྙན་སེང་ཞུས་པ་རེད།
གྱོད་དོན་སྙན་སེང་འབྱོར་རྗེས། ཟངས་རི་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་རོང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་མྱུལ་ཞིབ་བྱས་པ་རེད། ཡུལ་དངོས་སུ་རྩད་ཞིབ་བྱས་པ་བརྒྱུད། གྱོད་དོན་སྙན་སེང་ཞུ་མཁན་ཁྱིམ་གྱི་མགྲོན་བསུ་ཁང་དང་ཐབ་ཚང་གི་སྒོ་གཉིས་ཀ་བཙན་གྱིས་ཕྱེ་བའི་ཤུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།
གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉིན་མཚན་བསྟུད་མར་ཡུལ་དངོས་ཀྱི་རྗེས་ཤུལ་ལ་དབྱེ་ཞིབ་ཞིབ་བསྡུར་དང་། གཏོགས་ཁོངས་ཀྱི་ལྟ་སྐུལ་ཚོད་འཛིན་བརྙན་ཕབ་ལ་ལྟ་ཞིབ། ཉེ་འགྲམ་གྱི་གྲོང་མིར་གྲལ་བཤེར་བཅས་བྱས་མཐར་ཉེས་གསོག་དོགས་ཅན་ཚེ་ཆེ་གེ་མོ་ཡིན་པར་གཏན་འཁེལ་བ་དང་སྦྲགས་ཕྱི་ཉིན་ཉིན་གུང་བཟུང་བ་རེད།
ཁོ་པ་བཟུང་རྗེས། ཚེ་ཆེ་གེ་མོས་གྱོད་གཞི་ཐོན་སྐབས་རང་ཉིད་ལྷ་སའི་བོགས་གཏོང་ཁང་པར་གཉིད་ཉལ་ནས་བསྡད་ཡོད་པ་ལས། ཟངས་རི་རྫོང་དུ་ཕྱིན་ནས་རྐུ་བརྒྱབ་མེད་ཅེས་བཤད་མོད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཕྱོགས་མང་པོ་ནས་དཔང་རྟགས་བཙལ་བ་བརྒྱུད། ཟླ་10ཚེས་13ཉིན་གྱི་ཐོ་རེངས་ཚེ་ཆེ་གེ་མོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཡོད་པ་དང་། ཆུ་ཚོད་12ཙམ་ལ། ཚེ་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་གྱི་གསེར་ཆས་ཚོང་ཁང་ཞིག་ཏུ་བསྐྱོད་དེ་སྒོར་ཁྲི་1.4སྤྲད་པ་ཤེས་རྟོགས་བྱུང་བ་དེ་དག་ཁོ་རང་ཉིད་ཀྱིས་བཤད་པ་དང་རྦད་དེ་མཐུན་གྱི་མེད་པ་རེད། མཇུག་མཐར་དཔང་རྟགས་ཁུངས་བཙན་མདུན་དུ། ཚེ་ཆེ་གེ་མོས་གསེར་རྒྱན་དང་དངུལ་སྨར་བརྐུས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
མིག་སྔར། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།