ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་གཙང་བཤེར་དང་དག་ཐེར་ སྒྱུར་བཀོད་བཅས་ཀྱི་ལས་དོན་གཅིག་སྡུད་སྤེལ་བ།
རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་བྱེད་ནུས་ལེགས་སུ་དང་མཐོར་གཏོང་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྷ་ས་གྲོང་ཨུད་ཀྱི“སྤྱོད་ཚུལ་འཛུགས་སྐྱོང་ལོའི”བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་གཙང་བཤེར་དང་། དག་ཐེར། སྒྱུར་བཀོད་བཅས་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་ལེགས་སུ་དང་མཐོར་གཏོང་ནུས་ལྡན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གྲུབ་འབྲས་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་རེད།
མཚོན་རྟགས་བྱང་བུ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གཙང་བཤེར་བྱས་ཤིང་། མཚོན་རྟགས་བྱང་བུ་སྣ་ཚོགས་ཀྱིས་སྡེ་ཁུལ་གྱི་གཟུགས་བརྙན་ལ་གནོད་ངེས་ཡིན་པས། དེ་དག་གཙང་བཤེར་བྱེད་པའི་ལས་འགན་གྱིས་གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་ཡོད། དུས་འགོར་གཞི་རིམ་དུ་གང་སར་སྦྱར་བའི་མཚོན་བྱང་གཙང་བཤེར་བྱས་པའི་རྨང་གཞིའི་ཐོག་ཁྲེང་ཀོན་ཆུས་ཀྱིས་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་དོན་དང་། ལམ་སྲོལ་གྱི་བྱང་བུ། དཔང་ཡིག་གི་ལས་དོན་བཅས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱི་ཕྱོགས་སུ་བཀལ་བའི་མཚོན་བྱང་གི་རིགས་དང་བཟོ་དབྱིབས་སྔར་བས་གཅིག་གྱུར་བཟོས་པ་དང་། ད་ཡོད་ཀྱི་མཚོན་བྱང་སྣ་ཚོགས་སླར་ཡང་གྲལ་སྒྲིག་པོ་དང་གཙང་སྦྲ་དོད་པོ་བཟོས་པ་རེད།
དྲིལ་བསྒྲགས་ཡིག་རིགས་རྙིང་པ་དག་དུས་ཐོག་ཏུ་མེད་པར་བཟོས་པའམ་བཅོས་སྒྲིག་བྱས་ཤིང་། དྲིལ་བསྒྲགས་འགྲེམས་པང་རྙིང་པས་དྲིལ་བསྒྲགས་ཀྱི་ནུས་པ་མི་ཐོན་པ་མ་ཟད། ས་རྡུལ་གྱིས་ཚོས་པའི་རིག་གནས་གྱང་གིས་ཀྱང་གཟུགས་བརྙན་མཚོན་མི་ཐུབ་པས། ཉེ་དུས་ནས་བཟུང་། སྡེ་ཁུལ་ཁག་གིས་གཙོ་འཛིན་གྱི་སྐུ་པར་དང་གཟི་བརྗིད་མཚན་སྙན་གྱི་བྱང་བུ་ཚད་ལྡན་འགེལ་བ་དང་སྒྲིག་གཤོམ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། དྲིལ་བསྒྲགས་འགྲེམས་པང་ཁག་གཅིག་ལ་གཏོར་སྐྱོན་ཕོག་པ་དང་། རྙིང་པ་ཆགས་པ། རིག་གནས་བར་ཁྱམས་ཟང་ཟིང་ཆེ་བ། དུས་ཚོད་ཡོལ་བ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། ད་ཆ་གཏོར་སྐྱོན་ཕོག་པའི་དྲིལ་བསྒྲགས་འགྲེམས་པང་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་པ་དང་། ནང་དོན་རྙིང་པ་དུས་ཐོག་ཏུ་བརྗེས་ནས་རྩ་དོན་ཐོག་ཁྲོམ་གཞུང་དང་སྡེ་ཁུལ་དུ་འགྲེམས་པང་5ལས་མི་མང་བ་བྱས་ནས་སྡེ་ཁུལ་གྱི་ཁུར་པོ་ཡང་དུ་གཏོང་རོགས་ཏན་ཏིག་བྱས་པ་མ་ཟད། དྲིལ་བསྒྲགས་ཀྱི་ཕན་འབྲས་ཀྱང་ཆེ་རུ་བཏང་བ་རེད། དགོས་མཁོ་དང་མི་མཐུན་ཞིང་ཐལ་རྡུལ་གྱིས་ཚོས་པའི་རིག་གནས་གྱང་ལ་དམིགས་ནས། ཐལ་རྡུལ་སེལ་དགོས་རིགས་དུས་ཐོག་ཏུ་སེལ་བ་དང་། མེད་པར་བཟོ་དགོས་རིགས་ཚང་མ་མེད་པར་བཟོས་པ། བཀྲག་རྩི་བྱུགས་དགོས་རིགས་དག་འཕྲལ་མར་བྱུགས་ཡོད།
ཏང་དམངས་ཞབས་ཞུ་ལྟེ་གནས་གོ་རིམ་ལྡན་པའི་ངང་སྒྱུར་བཀོད་བྱས་ཤིང་། སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་དང་ལས་སྟེགས་ཤིག་རེད་ལ། ཏང་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་གཏོང་བའི་ཟམ་པ་དང་འབྲེལ་ཐག་ཅིག་ཀྱང་རེད། ཉེ་དུས་ནས་བཟུང་། ཁྲེང་ཀོན་ཆུས་ཀྱིས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི“སྲིད་འཛིན་ཅན་དོར་བའི”སྒྱུར་བཀོད་རིམ་སྤོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཏང་དམངས་ཞབས་ཞུ་ལྟེ་གནས་སྒྱུར་བཀོད་ཀྱི་མ་དངུལ་སྒོར་ཁྲི་1000སྤྱི་འདོམས་བྱས་ནས་སྡེ་ཁུལ་གྱི་གཞུང་ལས་ཁང་ཁག་གཅིག་རིམ་བཞིན་མང་ཚོགས་ཀྱི་བཟའ་བཏུང་དང་། གསོ་ཐབས། དཔེ་ཀློག་བཅས་དང་དེ་བཞིན་བྱེད་སྒོ་སྣ་ཚོགས་སྤེལ་སའི“སྤྱི་པའི་བར་ཁྱམས”སུ་སྒྱུར་ཡོད་པ་རེད།
གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་ཀྱིས་གྲོང་ཨུད་ཀྱི“སྤྱོད་ཚུལ་འཛུགས་སྐྱོང་ལོའི”ལས་ཀའི་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེ་བས་དོན་གཉེར་དང་ནུས་ལྡན་གྱི་བྱ་ཐབས་བཏོན་ནས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་དེ་བས་སྟབས་བདེ་དང་། དམངས་ཕན། དམངས་ཆེད་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དང་། སྡེ་ཁུལ་གྱིས་འཁུར་བའི་ལས་ཀའི་འགན་འཁྲི་ཁ་གསལ་དང་། བཙུགས་པའི་ལས་ཀའི་ལམ་སྲོལ་ཁུ་བསྡུ་ཕན་ཆེ། བཀལ་བའི་སྒོ་བྱང་གོ་བདེ་ཁ་གསལ་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། གཞི་རིམ་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། རྩ་འཛུགས་ཀྱི་གྲོང་ཚོ་རིམ་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད།