དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྙིང་སྟོབས་ཆེར་སྐྱེད་སྤྱོད་ཚུལ་ལེགས་སུ་བཏང་། དམངས་ལ་བརྩེ་སེམས་བཅངས་ནས་དུས་བདེ་བསྲུངས།

    —— ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷོ་ཁ་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འཐོབ་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་སྤྱོད་ངོ་མས“མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ་བའི”བརྗིད་ཆེའི་དམ་བཅའ་ལག་ལེན་བསྟར་ཡོད།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས“སྔོན་ལ་སྐྱོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པའི”ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། སྤྱི་བདེ་དྲག་ཆས་ཉེན་རྟོག་པས་མཉམ་སྒྲུབ་མཉམ་འགུལ་དང་དམིགས་བསལ་ཉེན་རྟོག་པས་ཁྲོམ་གཞུང་དུ་རླངས་འཁོར་བཏང་སྟེ་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ཅིང་། རིམ་རྩིས་བྱས་ན་མི་དམངས(ལས་རོགས)ཉེན་རྟོག་པ་མི་ཐེངས་800ལྷག་ཙམ་འཚུབ་ཆ་ཆེ་བའི་དུས་ཚིགས་དང་བདེ་འཇགས་སྲུང་སྐྱོང་གི་ལས་རེས་ལས་སྒྲུབ་ལས་འགན་གལ་ཆེན་ལ་ཞུགས་སུ་བཅུག་ནས་མང་ཚོགས་ཀྱི་བདེ་སྣང་སྔར་བས་ཆེ་རུ་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་བྱ་སྤྱོད་རུ་ཆེན་གྱི་རུ་དཔོན་བསོད་ནམས་ཀྱིས“འདི་ལོ་ཚུན་དུ། ང་ཚོས་རིམ་རྩིས་བྱས་ན་ཉེས་དོན་གྱོད་གཞི་ཁག་7རྩད་བཅད་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་30ལྷག་ཙམ་མི་ཕོག་པ་བྱས་ཡོད། བདེ་འཇགས་བཅོས་སྐྱོང་གི་གྱོད་གཞི་ཁག་2དང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་ཁྲི་1.63ཞིབ་བཤེར་ཐག་གཅོད་བྱས་པ་དང་། འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་ཁག་61ལ་གྲལ་བཤེར་བྱས་ཏེ་མང་ཚོགས་ལ་བདེ་འཇགས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། དམངས་ཕན་ཞབས་ཞུའི་ཐད་ང་ཚོས‘གློད་སྡོམ་ཞབས་གསུམ’སྒྱུར་བཅོས་མཐའ་འཁྱོངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་934གཉེར་བར་ཞིབ་མཆན་བཀོད་པ་དང་། ས་གནས་དེ་གའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྲི་1.21ལྷག་ཙམ་དང་། ཡུལ་གཞན་གྱི་ཐོབ་ཐང་ལག་ཁྱེར་2091 གནས་སྐབས་ཐོབ་ཐང་ལག་ཁྱེར་1026 ‘ཞིང་སྒྲོལ་ཀུན་སྒྲུབ’35བཅས་བདག་སྤྲོད་བྱས་ནས་གཉེར་བ། མང་ཚོགས་དུད་ཚང་594ཡི་མི་1188ལ་ཁང་པའི་ཐེམ་ཐོ་འཇུག་རོགས་བཅས་བྱས་ཏེ་མང་ཚོགས་ལ་དེ་བས་སྟབས་བདེ་ཞིང་ལས་ཕྱོད་ཆེ་བའི་ཞབས་འདེགས་ཞུས་ཡོད”ཅེས་བརྗོད།

    ལྟ་སྐུལ་ཐབས་ལམ་ཤར་གཏོང་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བའི་ཐད་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱིས་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་བརྒྱུད་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་ལས་དོན་སྒྲུབ་རིང་ཐོན་པའི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། དགོས་པའི་ལས་མི་བྱེད་པ། ལས་འགྱངས་གཏོང་བ། མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་གནད་དོན་དང་སྤྱི་བདེ་ལས་ཁུངས་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་ནས“མི་རུང་བ་ལྔ”ལ་དམིགས་པ་དང“དམིགས་པ་བདུན་དང་འཚོལ་བཤེར་བདུན”གྱི་བླང་བྱ་གཞིར་བཟུང་། གནད་དོན་གྱི་རྩིས་ཁྲ་དང་ལྟ་བསྡུར་ནན་ཏན་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གནད་དོན་ལ་ཞིབ་བཤེར་བྱེད་པ། རྒྱ་ཆེའི་མི་དམངས(ལས་རོགས)ཉེན་རྟོག་པ་དང་ལས་བཟོས་རང་ཉིད་དེར་ཞུགས་པ་དང་འགན་འཁྲི་འཁུར་རྒྱུ་མཐའ་འཁྱོངས་བྱེད་པ། ཞན་ཆ་འཚོལ་བཤེར་ནན་ཏན་བཅས་བྱས་ཏེ་མི་སྒེར་གྱི་གནད་དོན་གྱི་གསལ་ཐོ་དང་རྩིས་ཁྲ་བཟོས་ཡོད། དེ་དང་ཆབས་ཅིག་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་གྱིས་དུས་བཀག་དང་དུས་ངེས་མེད་ངང་སྐར་ཁུང་སྡེ་ཚན་དང་། གཞི་རིམ་གྱི་འཐབ་ས་དང་པོ། དམངས་འཚོའི་གཙོ་གནད་ཁུལ་བཅས་སུ་ཞིབ་བཤེར་ཐེངས་1153བྱས་ནས། གནད་དོན་ཁག་103རང་སར་དག་ཐེར་དང་། གནད་དོན་ཁག་2དུས་བཀག་ལྟར་དག་ཐེར། ལྟ་ཞིབ་གྲོས་འགོ་ཁག་101འདོན་པ། ལྟ་ཞིབ་བརྡ་ཁྱབ་ཁག་3བཏང་བ་བཅས་བྱས་ཏེ་སྤྱི་བདེ་ཁོངས་གཏོགས་ཀྱི་རང་ངོས་དག་ཐེར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།