དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འདུམ་འགྲིག་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་བསལ། ཁྲིམས་ལུགས་ལ་བརྟེན་ཚོང་གཉེར་གྱི་ཁོར་ཡུག་བསྲུངས།

    —— ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་འགན་བཅོལ་གན་རྒྱའི་གྱོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“དྲང་གཞག་དང་ལས་ཕྱོད”སྐོར་གྱི་ལས་ཀའི་བརྗོད་དོན་གཙོ་བོར་གཞིགས་ནས། རང་སྟོབས་ཁྲིམས་འཛིན་བརྒྱུད་ཁྲིམས་ར་མ་འཚོགས་གོང་དུ་དམིགས་བྱའི་དངུལ་འབོར་སྒོར་ཁྲི་བརྒྱ་གྲངས་ཟིན་པའི་རྒྱུ་ནོར་འགན་བཅོལ་གྱི་གན་རྒྱ་ལས་ཐོན་པའི་འདྲི་གཅོད་གཉིས་པའི་གྱོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པ་རེད།

    འགན་བཅོལ་ལ་ཞུགས་མཁན(ཁྱིམ་ཆས་བཟོ་གྲྭ་ཞིག་གི་འགན་འཁུར་བ)ཞིག་གིས་འགན་བཅོལ་ཀུང་སི་ཞིག་ནས་དུས་ཡུན་ལོ་གཅིག་གི་རྒྱུ་ནོར་གྱི་གཞི་རྩའི་འགན་བཅོལ་ཉོས་པ་དང་དེའི་འགན་བཅོལ་བྱ་ཡུལ་ནི་ཁྱིམ་ཆས་བཟོ་གྲྭ་ཞིག་རེད། ཕྱོགས་གཉིས་ཀས་འགན་བཅོལ་གྱི་དམིགས་བྱ་དང་། འགན་བཅོལ་གྱི་འགན་འཁྲི། འགན་བཅོལ་གྱི་བཅད་གྲངས། ཁག་འགན་མེད་པར་བཟོ་བའི་བྱ་བ། སྐྱིན་ཚབ་འཇལ་མི་དགོས་པའི་ཚད་གཞི། དོན་རྐྱེན་བྱུང་རིམ་བཞིན་སྐྱིན་ཚབ་འཇལ་བའི་བཅད་གྲངས་མཐོ་ཤོས་སོགས་ཐད་ཁ་ཆད་བྱས་པ་མ་ཟད། ད་དུང་ཉེན་ཁ་བྱུང་སྐབས་ཀྱི་བསྐྱར་སྒྲིག་རིན་ཐང་ལྟར་འགན་བཅོལ་གྱི་དམིགས་བྱའི་རིན་ཐང་གཏན་འཁེལ་བྱ་རྒྱུའི་ཁ་ཆད་ཀྱང་བྱས་ཡོད། འགན་བཅོལ་ལ་ཞུགས་རིང་ཁྱིམ་ཆས་བཟོ་གྲྭ་དེར་མེ་སྐྱོན་བྱུང་ནས་ཐོན་སྐྱེད་བཟོ་ཁང་དང་དེ་བཞིན་ཁྱིམ་ཆས་ཐོན་རྫས་དང་ཕྱེད་གྲུབ་ཐོན་རྫས་ཚང་མ་མེས་ཚིག་ཡོད། ཁྱིམ་ཆས་བཟོ་གྲྭ་དེའི་འགན་འཁུར་བས་འབྲེལ་ཡོད་རྩིས་ཐོ་སོགས་དཔྱད་གཞིའི་ཡིག་རིགས་མེ་སྐྱོན་ཁྲོད་དུ་ཚིག་སོང་ཞེས་བརྗོད་ཡོད།

    འགན་བཅོལ་ཀུང་སི་དེར་མེ་སྐྱོན་བྱུང་བ་སྙན་སེང་ཞུས་མ་ཐག་མེ་སྐྱོན་བྱུང་སར་རྩད་ཞིབ་བྱེད་པར་བསྐྱོད་པ་མ་ཟད། འགན་བཅོལ་ལ་ཞུགས་མཁན་དེར་སྐྱིན་ཚབ་འཇལ་རྒྱུའི་རེ་བ་འདོན་སྐབས། དཔྱད་གཞིའི་ཡིག་རིགས་གང་ཞིག་མཁོ་འདོན་བྱེད་དགོས་པ་གསལ་བཤད་ཀྱང་བྱས་ཡོད། ཕྱིས་སུ་བཟོ་གྲྭ་དེས་འགན་བཅོལ་ཀུང་སིར་འབྲེལ་ཡོད་གནས་ཚུལ་བྱུང་རྗེས། ཁ་གསབ་བྱས་པའི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱས་མོད། འོན་ཀྱང་དཔྱད་གཞིའི་ཡིག་རིགས་ཆ་མི་ཚང་བ་སོགས་ཀྱི་རྐྱེན་པས་ཕྱོགས་གཉིས་ཀའི་དབར་མེས་ཚིག་པའི་ཁྱིམ་ཆས་དང་ཕྱེད་གྲུབ་ཐོན་རྫས་ཀྱི་གྲངས་འབོར་དང་། ཆེ་ཆུང་། རིན་ཐང་སོགས་ཀྱི་ཐད་རྩོད་པ་ཤོར་ནས་སྐྱིན་ཚབ་འཇལ་རྒྱུའི་གྲོས་མཐུན་ལག་ལེན་མ་བྱུང་སྟབས། བཟོ་གྲྭ་དེས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ཡོད།

    ཞུ་གཏུག་མ་བརྒྱབ་གོང་ཕྱོགས་གཉིས་པོས་ཚོད་སྐོར་ལས་ཁུངས་ལ་འགན་བཅོལ་གྱི་དམིགས་བྱའི་རིན་ཐང་ཚོད་སྐོར་བྱ་རྒྱུའི་མངགས་བཅོལ་བྱས་མེད་པ་མ་ཟད། འདྲི་གཅོད་དང་པོའི་ཁྲིམས་ར་ཚོགས་རིང་ཕྱོགས་གཉིས་པོས་དཔྱད་གཞིའི་ཡིག་རིགས་ཆ་ཚང་པོ་མེད་པ་སོགས་རྐྱེན་གྱིས་ཚོད་སྐོར་གསལ་འབྱེད་བྱེད་ཐབས་བྲལ་འདུག་ཅེས་བརྗོད་ཡོད། དེས་ན་འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ཕྱོགས་བསྡུས་གྱོད་གཞིའི་གནས་ཚུལ་ལ་གཞིགས་ཏེ། དོན་རྐྱེན་བྱུང་རིམ་བཞིན་འགན་བཅོལ་བཅད་གྲངས་མཐོ་ཤོས་ནས་20%འཐེན་རྗེས་སྐྱིན་ཚབ་འཇལ་བའི་དངུལ་གྲངས་གཏན་འཁེལ་བྱ་རྒྱུའི་ཁྲུན་ཐག་བཅད་པར། ཕྱོགས་གཉིས་ཀ་མོས་མཐུན་མ་བྱུང་བར་ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས་ཡོད། ཁྱིམ་ཆས་བཟོ་གྲྭ་དེས་དོན་རྐྱེན་བྱུང་རིམ་བཞིན་སྐྱིན་ཚབ་འཇལ་རྒྱུའི་བཅད་གྲངས་མཐོ་ཤོས་ལྟར་སྐྱིན་ཚབ་འཇལ་དགོས་པ་ལས། སྐྱིན་ཚབ་འཇལ་བའི་བཅད་གྲངས་མཐོ་ཤོས་ནས་20%འཕྲི་འཐེན་བྱེད་མི་རུང་བ་དང་། འདྲི་གཅོད་དང་པོའི་ཁྲིམས་ཁང་གི་རྩིས་རྒྱག་སྟངས་ལ་ནོར་འཁྲུལ་ཡོད་པའི་ངོས་འཛིན་བྱས་པ་དང་། འགན་བཅོལ་ཀུང་སིས་ཁྱིམ་ཆས་བཟོ་གྲྭར་གྱོང་གུན་བྱུང་བའི་དངུལ་གྲངས་ངོ་མ་ར་སྤྲོད་བྱེད་པའི་དཔང་རྟགས་ཆ་ཚང་པོ་མེད་པའི་ངོས་འཛིན་བྱས་ཡོད།

    འདྲི་གཅོད་གཉིས་པའི་སྒྲུབ་འགན་འཁུར་མཁན་གྱིས་གྱོད་གཞི་དེ་ལག་ཏུ་འབྱོར་རྗེས། གྱོད་ཚགས་དང་། དོ་བདག་གིས་མཁོ་འདོན་བྱས་པའི་དཔང་རྟགས། འདྲི་གཅོད་དང་པོའི་ཁྲིམས་རའི་འདྲི་གཅོད་ཟིན་བྲིས་བཅས་ལ་གཟབ་ནན་གྱིས་བལྟས་ཤིང་། གྱོད་གཞི་དེ་བཅའ་ཁྲིམས་སྤྱད་འཐུས་ཐད་ལ་སྐྱོན་མེད་པ་དང་། ཕྱོགས་གཉིས་པོ་ཁ་རྩོད་ཤོར་ས་གཙོ་བོ་ནི་གྱོང་གུན་ཕོག་པའི་དངུལ་གྲངས་མང་ཉུང་གི་དོན་དངོས་གནད་དོན་དེར་ཐུག་པ། དེ་དང་དུས་མཚུངས་གྱོད་གཞིའི་དོན་དངོས་གནས་ཚུལ་དེ་འདྲ་ཡིན་པའི་དབང་གིས་གྱོད་དོན་འདིར་ཚོད་སྐོར་གསལ་འབྱེད་བྱེད་ཐབས་སྤྱད་ན་གྱོང་གུན་ཕོག་པའི་དངུལ་གྲངས་གཏན་འཁེལ་ཁ་གསལ་བྱེད་མི་ཐུབ་པས། ཕྱོགས་གཉིས་པོའི་རྩོད་གཞི་སེལ་ཐབས་གཞན་ཞིག་འཚོལ་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད།

    ཕྱོགས་ཡོངས་ནས་བསམ་བློ་བཏང་རྗེས། སྒྲུབ་འགན་འཁུར་མཁན་གྱིས་ཕྱིར་བསློགས་ནས་འདྲི་གཅོད་བསྐྱར་མ་བྱ་རྒྱུའམ་ཡང་ན་གཏུག་བཤེར་རེ་ཞུ་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱེད་སྟངས་འདི་གཉིས་འཚམ་པོ་མེད་པའི་ངོས་འཛིན་བྱས་ཏེ། སྔོན་ལ་འགན་བཅོལ་ལ་ཞུགས་མཁན་བཙལ་ནས་ཐད་ཀར་འདྲི་རྩད་ཤེས་རྟོགས་བྱ་རྒྱུའི་ཐག་བཅད། འབྲེལ་གཏུག་བྱེད་རིང་སྒྲུབ་འགན་འཁུར་མཁན་གྱིས་འགན་བཅོལ་ལ་ཞུགས་མཁན་གྱིས་གསལ་བཤད་བྱས་པ་ནན་ཏན་ངང་ཉན་ནས་དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་ཤེས་རྟོགས་བྱས། གནས་ཚུལ་གསལ་པོ་བྱུང་རྗེས་སྒྲུབ་འགན་འཁུར་མཁན་གྱིས་འགན་བཅོལ་ལ་ཞུགས་མཁན་ལ་བསམ་ཤེས་བྱས་པ་དང་ཆབས་ཅིག བཅའ་ཁྲིམས་དང་གནས་ལུགས་ལ་འགྲེལ་བཤད་གསལ་པོའང་བརྒྱབ་ཅིང་། གྱོང་གུན་ཕོག་པའི་དངུལ་གྲངས་བཀོད་པའི་དཔང་རྟགས་ཁ་གསལ་འདོན་དགོས་པ་དང་། དེ་ལྟར་མིན་ན་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་པར་གཞི་འཛིན་ས་མེད་ཅེས་བརྗོད་ཡོད།

    ཁ་པར་བརྒྱབ་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྐད་ཆ་ཐེངས་མང་བྱས་པ་བརྒྱུད། འགན་བཅོལ་ལ་ཞུགས་མཁན་དང་ཁྱིམ་ཆས་བཟོ་གྲྭ་དེའི་ལས་ཚབ་ཀྱིས་སྒྲུབ་འགན་འཁུར་མཁན་གྱི་བསམ་འཆར་ལ་མོས་མཐུན་བྱས་མོད། འོན་ཀྱང་མེ་སྐྱོན་ལས་ཁོ་ཚོར་གྱོང་གུན་ཆེན་པོ་ཕོག་པས། ཁྲིམས་འཛིན་གྱི་ཐབས་ལམ་བརྒྱུད་ཐག་གཅོད་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་ལུགས་བརྗོད་ཡོད།

    སྒྲུབ་འགན་འཁུར་མཁན་གྱིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས། འགན་བཅོལ་ཀུང་སི་ཁྲིམས་ཁང་དུ་འདུམ་འགྲིག་བྱེད་པར་འབོད། ཀུང་སིའི་བསམ་འཆར་ཉན་པ་དང་གནས་ལུགས་རྒྱུ་མཚན་བཤད་དེ། ཕྱོགས་གཉིས་པོས་གྲོས་མོལ་དང་འདུམ་འགྲིག་བྱ་རྒྱུའི་རེ་བ་བྱེད་པ་མ་ཟད། འདུམ་འགྲིག་ཇུས་གཞི་ཡང་བཏོན་པ་རེད། དེ་རྗེས་འབྲེལ་གཏུག་མཐུན་སྦྱོར་ཡང་ཡང་བྱས་མཐར། ཕྱོགས་གཉིས་པོ་མོས་མཐུན་བྱུང་བ་དང་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་ལྷ་སར་ཡོད་པའི་འགན་བཅོལ་ཀུང་སིར་ཆ་འཕྲིན་ལས་སྟེགས་བརྒྱུད། འདུམ་འགྲིག་ཟིན་ཐོར་མིང་རྟགས་འགོད་དུ་བཅུག་པ་རེད། འགན་བཅོལ་ཀུང་སིས་འདུམ་འགྲིག་བཅད་ཁྲ་འབྱོར་རྗེས། དུས་ཐོག་ཏུ་འགན་བཅོལ་དངུལ་སྤྲོད་ཀྱི་ཡིན་ཞེས་བརྗོད། མིག་སྔར་གྱོད་གཞི་དེ་བདེ་བླག་ངང་ཐག་གཅོད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།