ཉེན་རྟོག་ཕྱོགས་ཀྱིས་ལྷ་སའི་ཁུལ་ཆུང་ཞིག་ཏུ་སྒེར་འཁོར་མང་པོར་རྐང་བཙུགས་ནས་རི་མོ་འཐེན་མཁན་ཞིག་བཟུང་པ།
འདི་ནི་དོ་བདག་དང་སྡེ་ལས་ཀྱི་ལས་དོན་པས་རླངས་འཁོར་ལ་རི་མོ་འཐེན་མིན་གྲལ་བཤེར་བྱེད་བཞིན་པ།
འདི་ནི་རི་མོ་འཐེན་པའི་རླངས་འཁོར་ཡིན་པ།
ཟླ་10ཚེས་8ཉིན་གྱི་ཕྱི་དྲོར། གྲོང་མི་སྐུ་ཞབས་ཧྥན་གྱིས་བོད་ལྗོངས་ཚོང་འཕྲིན་གྱི་ཐད་སྦྲེལ་ཁ་པར་0891-6970000བརྒྱབ་སྟེ། ལྷ་ས་གྲོང་ཁྱེར་གྲོང་མེ་ཡོན་ཁུལ་ཆུང་གི་ས་འོག་རླངས་འཁོར་འཇོག་སར་རང་ཉིད་ཀྱི་རླངས་འཁོར་ཚུད་པའི་སྒེར་འཁོར་12ལ་མི་གཞན་གྱིས་རྐང་བཙུགས་ནས་རི་མོ་འཐེན་འདུག་པས། བྱེད་སྤྱོད་འདི་རིགས་དམར་རྗེན་དུ་འདོན་དགོས་པའི་རེ་བ་བཏོན་པ་རེད། གནས་ཚུལ་དེའི་དོན་དངོས་ཡང་སྙིང་གང་འདྲ་ཡིན་ནམ། གསར་འགོད་པས་འཕྲལ་མར་གནས་ཚུལ་ཐོན་སའི་ཁུལ་ཆུང་དུ་བསྐྱོད་དེ་ཤེས་རྟོགས་བྱས་པ་ཡིན།
རླངས་འཁོར་12ལ་རྐང་བཙུཌ་ནས་རི་མོ་འཐེན་ཏེ་འཁོར་བདག་ལ་གྱོང་གུན་ཚབས་ཆེན་བཟོས་པ།
ཟླ་10ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར། གསར་འགོད་པ་གནས་ཚུལ་ཐོན་སའི་ཁུལ་ཆུང་དུ་འབྱོར་སྐབས། རླངས་འཁོར་འཇོག་སའི་ཐོན་སྒོར་དོ་བདག་ཁ་ཤས་དངངས་འཚབ་ཆེན་པོ་བྱེད་བཞིན་པ་མཐོང་། ཁོང་ཚོས་གསར་འགོད་པར་དོ་བདག་ཚོགས་པའི་ནང་ས་འོག་རླངས་འཁོར་འཇོག་སར་རླངས་འཁོར་མང་པོ་ཞིག་ལ་རྐང་བཙུགས་ནས་རི་མོ་འཐེན་འདུག་ཅེས་པའི་ཆ་འཕྲིན་མཐོང་མ་ཐག་ལྟ་བར་ཡོང་བ་ཡིན་ཞེས་བརྗོད།
དེ་རྗེས་གསར་འགོད་པས་ཁུལ་ཆུང་དེའི་སྡེ་ལས་རྣམ་གྲངས་ཀྱི་ཅིང་ལི་སྒྲོལ་མའི(མིང་འགྱུར)གམ་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་ཤིང་། གསར་འགོད་པས་གནས་ཚུལ་ཐོན་ཡུལ་གྱི་ས་འོག་རླངས་འཁོར་འཇོག་སར་སྐྱོད་སྐབས་རི་མོ་འཐེན་པའི་རླངས་འཁོར་ཚང་མ་རང་སར་བཞག་འདུག ས་འོག་རླངས་འཁོར་འཇོག་སར་གློག་འོད་གསལ་པོ་མེད་ཀྱང་རླངས་འཁོར་གྱི་སྣ་ཁེབས་ལ་འཐེན་པའི་རི་མོའི་ཤུལ་གསལ་པོར་མཐོང་གི་འདུག
གསར་འགོད་པས་མཐོང་བར་གཞིགས་ན། རི་མོ་འཐེན་ཡུལ་ཕལ་ཆེ་བ་རླངས་འཁོར་གྱི་སྣ་ཁེབས་ལ་ཡིན་ཞིང་། རི་མོ་ཚང་མ“X”དབྱིབས་ཅན་ཡིན་པ་དང་། བྱ་ངན་རྩོམ་མཁན་གྱིས་ད་དུང་རྐང་བཙུགས་ནས་གློག་མིག་ལས་གཡོལ་བ་ཤེས།
རླངས་འཁོར་ཚང་མ་ས་འོག་རླངས་འཁོར་འཇོག་སར་གྲལ་འགྲིག་པོས་བཞག་ཡོད་ནའང་། བསམ་ཡུལ་ལས་འདས་པར་རི་མོ་འཐེན་ཡོད་སྟབས། དོ་བདག་ཚོར་ཁོང་ཁྲོ་ཚད་མེད་ལངས་འདུག རླངས་འཁོར་གྱི་དོ་བདག་ཕུར་བུ་བཀྲ་ཤིས་ཀྱིས་འུ་ཐུག་དང་བཅས། “གནས་ཚུལ་ཐོན་སྐབས་ང་ཉེ་འཁོར་དུ་ཡོད། ཁུལ་ཆུང་གི་དོ་བདག་ཚོགས་པར་དོ་བདག་མང་པོས་རླངས་འཁོར་མི་ཉུང་བ་ཞིག་ལ་རི་མོ་འཐེན་འདུག་ཅེས་པའི་ཆ་འཕྲིན་མཐོང་སྐབས། ངས་གྲོགས་པོར་ཁ་སང་རླངས་འཁོར་འཇོག་སྐབས་ངས་ལམ་བཀག་མེད་ལ། སུ་ལའང་ཕོག་ཐུག་བཏང་མེད། ངའི་རླངས་འཁོར་ལ་རི་མོ་འཐེན་ཡོད་ཀྱི་མ་རེད་ཅེས་བཤད་མ་ཐག དོ་བདག་ཅིག་གིས་བླངས་པའི་བརྙན་ཐུང་ནང་ངའི་རླངས་འཁོར་ཡང་ཡོད་པ་མཐོང་བྱུང་། ངས་དེ་འཕྲལ་བྲེལ་འཚུབ་ངང་ས་འོག་རླངས་འཁོར་འཇོག་སར་ལྟ་བར་ཕྱིན་པས། ངའི་རླངས་འཁོར་ལའང་རི་མོ་འཐེན་འདུག”ཅེས་བརྗོད།
ཕུར་བུ་བཀྲ་ཤིས་ཀྱི་རླངས་འཁོར་ནི་པའོ་ཧྲི་ཅེ་གཱ་ཡན་རྟགས་ཅན་ཡིན་པ་དང་གསར་འགོད་པས་ཁོང་གི་རླངས་འཁོར་ཡག་པོ་བྱས་ནས་བཞག་ཡོད་པ་མཐོང་བྱུང་། ཕུར་བུ་བཀྲ་ཤིས་ཀྱིས་རླངས་འཁོར་གྱི་རི་མོ་འཐེན་ཤུལ་ལ་མཛུབ་མོ་བཙུགས་ནས། “ཟླ་གོང་མར་ངས་སྒོར་ཁྲི་3ཙམ་བཏང་ནས་རླངས་འཁོར་ལ་ནང་འདྲེན་རྩི་བྱུགས་མ་ཐག་ཡིན། ད་གྱོང་གུན་ཚབས་ཆེན་ཕོག་བྱུང”ཞེས་བརྗོད། གཞན་ཡང་། འཁོར་བདག་ལ་ལས་བརྗོད་པར་གཞིགས་ན། རླངས་འཁོར་ལ་དོན་མེད་ངང་རི་མོ་འཐེན་པའི་བྱེད་སྤྱོད་ཀྱིས་ཁོང་ཚོའི་སེམས་ཁམས་དཀྲུགས་པ་མ་ཟད། དཔལ་འབྱོར་གྱི་གྱོང་གུན་ཀྱང་བཟོས་ཡོད་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་བྱ་ངན་རྩོམ་མཁན་བཟུང་པ།
སྒྲོལ་མས་གནས་ཚུལ་ཐོན་དུས་ང་་ཁུལ་ཆུང་ནང་སྐོར་གཡེང་བྱེད་བཞིན་ཡོད། གློ་བུར་དུ་དོ་བདག་གི་ཁ་པར་འབྱོར་ནས་ས་འོག་རླངས་འཁོར་འཇོག་སར་མི་ཞིག་གིས་ལག་ཏུ་ཅ་ལག་རྣོ་ངར་ཅན་ཞིག་འཁྱེར་ཏེ་གྲལ་ལ་བཞག་པའི་རླངས་འཁོར་ལ་རི་མོ་འཐེན་གྱི་འདུག་ཅེས་བཤད་བྱུང་། ངས་དེ་འཕྲལ་ལས་མི་གཞན་དག་བསྐོངས་ཏེ་ལྟ་བར་ཕྱིན་པ་ཡིན། འོན་ཀྱང་། བྱ་ངན་རྩོམ་མཁན་བྲོས་ཟིན་སྟབས། འཕྲལ་མར་ཉེན་རྟོག་ཕྱོགས་ལ་སྙན་སེང་ཞུས་པ་ཡིན་ཞེས་གསར་འགོད་པར་བརྗོད། དོ་བདག་ཚོས་བཤད་པའི་གནས་ཚུལ་ལ་གཞིགས་ན། ཁུལ་ཆུང་གི་ཐོག་སོ་གསུམ་པའི་གློག་སྐས་ཀྱི་གློག་མིག་ལས་བྱ་ངན་རྩོམ་མཁན་གྱི་ངོ་རིས་གསལ་པོར་མཐོང་བས། སྐར་མ་ཁ་ཤས་སོང་རྗེས་ཉེན་རྟོག་ཕྱོགས་ཀྱིས་ཁུལ་ཆུང་གི་སྒོ་འགྲམ་ནས་བྱ་ངན་རྩོམ་མཁན་བཟུང་ཡོད་པ་རེད།
སྒྲོལ་མས་གྲལ་བཤེར་བྱས་པ་བརྒྱུད། བྱ་ངན་རྩོམ་མཁན་ནི་ཁུལ་ཆུང་དེའི་དོ་བདག་ཡིན་པ་དང་། བྱ་ངན་རྩོམ་མཁན་གྱིས་གཞན་གྱི་རླངས་འཁོར་ལ་རྐང་བཙུགས་ནས་རི་མོ་འཐེན་དོན་གང་ཡིན་ལན་བརྒྱབ་མ་བྱུང་ཞེས་ངོ་སྤྲོད་བྱས། གཞན་ཡང་དོ་བདག་མང་པོས་གློག་སྐས་ཀྱི་གློག་མིག་གི་བརྙན་པར་ལ་བལྟས་རྗེས། བྱ་ངན་རྩོམ་མཁན་དེར་སྨྱོ་ནད་ཕོག་ཡོད་པ་དང་། ནམ་རྒྱུན་ཚུལ་མིན་གྱི་བྱ་སྤྱོད་སྤེལ་གྱི་ཡོད། འོན་ཀྱང་དེ་ནི་མི་གཞན་གྱི་རྒྱུ་ནོར་ལ་གཏོར་བཤིག་གཏོང་བའི་རྒྱུ་རྐྱེན་ཞིག་མིན་པས་ན། ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་དེ་གང་མགྱོགས་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
འཁོར་བདག་ལྷག་པས་གསར་འགོད་པར“གློག་མིག་གི་བརྙན་པར་ལ་ལྟ་སྐབས་བྱ་ངན་རྩོམ་མཁན་དེའི་ལོ་ཚོད་ང་དང་འདྲ་པོ་ཡིན་བཟོ་འདུག་པས། མི་དེའི་བྱེད་སྟངས་ལ་བསམ་ཤེས་བྱེད་ཐབས་མི་འདུག རླངས་འཁོར་གྱི་ཉམས་བཟོའི་འགྲོ་གྲོན་ཡོད་ཚད་ངེས་པར་དུ་ཁོ་ལ་སྤྲོད་དུ་འཇུག་གི་ཡིན”ཞེས་བརྗོད།
སྡེ་ལས་ཀྱིས་གྱོང་གུན་ཞིབ་ཕྲ་ཉེན་རྟོག་ཕྱོགས་ཀྱི་བརྟག་དཔྱད་བྱས་འབྲས་གཞིར་འཛིན་དགོས་ཞེས་བརྗོད་པ།
གསར་འགོད་པས་ཁུལ་ཆུང་དེའི་ས་འོག་རླངས་འཁོར་འཇོག་སར་སྡེ་ལས་ཀྱི་ལས་དོན་མི་སྣས་པར་རྒྱག་དཔང་ལེན་བྱེད་པ་དང་། རི་མོ་འཐེན་པའི་རླངས་འཁོར་བསྡོམས་རྩིས་རྒྱག་བཞིན་པ་མཐོང་བྱུང་། དོ་བདག་གི་རླངས་འཁོར་ལ་རི་མོ་འཐེན་པའི་གནས་ཚུལ་ཐད་ཁུལ་ཆུང་གི་སྡེ་ལས་ཀྱིས་འགན་འཁྲི་ངེས་ཅན་ཞིག་འཁུར་དགོས་སམ། སྒྲོལ་མས“ང་ཚོའི་ཁུལ་ཆུང་དུ་གནས་ཚུལ་དེ་རིགས་ཐོན་ཐེངས་དང་པོ་རེད། ས་འོག་རླངས་འཁོར་འཇོག་སར་གློག་མིག་18ཙམ་ཡོད་ཀྱང་། བྱ་ངན་རྩོམ་མཁན་གྱིས་གློག་མིག་གི་ལོང་ཁུལ་དུ་བྱ་ངན་སྤེལ་འདུག ཁུལ་ཆུང་དུ་རླངས་འཁོར་ལ་རྐང་བཙུགས་ནས་རི་མོ་འཐེན་པ་དེར་ང་ཚོ་སྡེ་ལས་ལའང་འགན་འཁྲི་ངེས་ཅན་ཞིག་ཡོད། སླད་ཕྱིན་ང་ཚོས་ཁུལ་ཆུང་དུ་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ངེས་མེད་དུ་གློག་མིག་གི་བརྙན་པར་ལ་བལྟ་ངེས་ཡིན་པས་དོ་བདག་ཚོ་བློ་བདེ་པོ་གནང་རོགས། མིག་སྔར་སྡེ་ལས་ཀྱིས་ཐོ་འགོད་བྱས་པའི་རླངས་འཁོར་12ཡོད་པ་དང་བྱ་ངན་རྩོམ་མཁན་ཉེན་རྟོག་ཕྱོགས་ཀྱིས་ཁྲིད་ཟིན་པས། རླངས་འཁོར་ལ་རི་མོ་འཐེན་པའི་གྱོང་གུན་ཞིབ་ཕྲ་ཉེན་རྟོག་ཕྱོགས་ཀྱི་བརྟག་དཔྱད་བྱས་འབྲས་ཚད་གཞིར་འཛིན་རྒྱུ་རེད”ཅེས་བརྗོད།
གལ་ཏེ་ཁྱེད་ལ་དོན་དག་རྙོག་དྲ་ཚ་པོ་འདི་འདྲ་ཕྲད་ཚེ། བོད་ལྗོངས་ཚོང་འཕྲིན་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་ཨང་གྲངས་0891-6970000ལ་ཁ་པར་རྒྱག་ཆོག བོད་ལྗོངས་ཚོང་འཕྲིན་ཚགས་པར་གྱི་གསར་འགོད་པའི་ཚོགས་པས་འཕྲལ་དུ་ཁྱེད་དང་འབྲེལ་བ་བྱས་ནས། ཁྱེད་ལ་གནད་དོན་ཐག་གཅོད་ཡག་པོ་དང་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱེད་རོགས་བྱེད་ངེས་ཡིན་པས། ཁྱེད་ནས་དུས་ཐོག་ཏུ་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན།