དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རྒྱལ་ཁབ་ཀྱི་གཞུང་ལས་པ་ཡིན་ཁུལ་གྱི་ཁ་བསླུས་རྒྱག་མཁན“ཁྲུའུ་ཀྲང་བློ་ལགས”བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    “བློ་མཐུན་ཉེན་རྟོག་པ་ལགས། ང་ཚོའི་དགོན་པར་རིག་དངོས་ཅུས་ལྟ་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཡིན་ཟེར་མཁན་མི་ཞིག་སླེབས་བྱུང་། ཁོས་ང་ཚོ་དང་དགོན་པ་ཉམས་བཟོའི་ཨར་སྐྲུན་གན་རྒྱ་བཞག་འདོད་འདུག འོན་ཀྱང་མི་དེ་དང་གླེང་མོལ་བྱེད་སྐབས་ཐེ་ཚོམ་སྐྱེས་བྱུང་། ཁྱེད་ཚོས་བརྟག་དཔྱད་བྱེད་པར་ཕེབས་དང”ཞེས་2023ལོའི་ཟླ་9ཚེས་21ཉིན་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་དགོན་པ་ཞིག་གི་དགེ་འདུན་པའི་ཉེན་བརྡ་འབྱོར།

    མི་དམངས་ཉེན་རྟོག་པས་ཁུངས་སྣེ་གཞིར་བཟུང་། མགྱོགས་མྱུར་མྱུལ་ཞིབ་བྱས་ཏེ“རིག་དངོས་ཅུས་ལྟ་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ”ཡིན་ཟེར་མཁན་སྐྱེས་པ་དེ་དང་གདོང་ཐུག་བྱས། འདྲི་བཤེར་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ཁྲུའུ་ཀྲང་རྫུན་མ་དེའི་གཡོ་ཇུས་དམར་འདོན་བྱས་པ་དང་འབྲེལ། སྐྱེས་པ་དེ་བཟུང་བ་རེད། “ཁྱེད་ཚོ་ངོ་མ་དེའི་འདྲའི་མགྱོགས་པ་ལ། ང་རང་རྒྱལ་རྩེར་སླེབས་ནས་ཉིན་གཉིས་ལས་ཕྱིན་མ་སོང”འདྲི་རྩད་བྱེད་སྐབས་ཉེས་གསོག་དོགས་ཅན་བློ་ཆེ་གེ་མོས་རང་ཉིད་ཀྱིས་ཁ་བསླུས་བརྒྱབ་པའི་བརྒྱུད་རིམ་ཚང་མ་ངོས་ལེན་ཞུས།

    2023ལོའི་ཟླ་6པ་ནས་9པའི་རིང་། བློ་ཆེ་གེ་མོས་རིག་དངོས་ཅུས་ལྟ་ཞིབ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཡིན་ཁུལ་གྱིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དང་། ནག་ཆུ་གྲོང་ཁྱེར་སོག་རྫོང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སོགས་ཀྱི་དགོན་པར་བསྐྱོད་དེ་དགོན་པ་ཉམས་བཟོར་ཁ་གཡར་ནས་ཁེ་ཕན་རག་ཐབས་བྱས། དེ་དང་ཆབས་ཅིག བློ་ཆེ་གེ་མོས་ད་དུང་ལོ་ཤས་གོང་ཁོ་པ་རང་ཉིད་ཀྱིས་གཞུང་འཁོར་འཚོང་བ་དང་བཟོ་སྒྱུར་དང་། ལས་ཀ་ངོ་སྤྲོད། ཚོང་ཁང་ངོ་སྤྲོད་སོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་4ཡི་ས་ནས་དངུལ་སྒོར་152550དང་རིན་གོང་ཆེ་བའི་ཐ་མག་དང་ཨ་རག་སོགས་ཁ་བསླུས་བརྒྱབ་ལུགས་དང་། གཞན་ཡང་ད་དུང་རིག་དངོས་ཅུས་ཀྱི་རྒྱབ་ཕྱོགས་གཞོགས་འདེགས་ཁྲུའུ་ཡི་མིང་ཐོག་ནས་ལྷ་ས་གྲོང་ཁྱེར་རླངས་འཁོར་ཉམས་བཟོ་བྱེད་མཁན་ཞིག་ལ་རླངས་འཁོར་བཟོ་གླ་དངུལ་སྒོར་ཁྲི་9ལྷག་ཙམ་ཆད་པ་དང་། ལྷ་ས་གྲོང་ཁྱེར་རླངས་འཁོར་བོགས་གཏོང་ཚད་ཡོད་ཀུང་སི་ཞིག་ལ་རླངས་འཁོར་བོགས་མར་གཡར་བའི་དངུལ་སྒོར་ཁྲི་10ལྷག་ཙམ་ཆད་པ་སོགས་ངོས་ལེན་ཞུས་པ་རེད།

    མིག་སྔར། ཉེས་གསོག་དོགས་ཅན་བློ་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་དོན་བཀག་ཉར་བྱས་ཏེ་མུ་མཐུད་གྱོད་གཞི་དེ་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།