གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས“བཙོག་དངུལ་གཙང་སྒྱུར”བྱེད་མཁན་ཉེས་གསོག་ཚོགས་པ་ཞིག་རྩ་མེད་བཟོས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སྤྱི་བདེ་ཅུས་ཀྱིས“གཅེར་མོལ་རྒྱུ་ནོར་གཡོ་ཟའི”ཉེས་གསོག་ལ“བཙོག་དངུལ་གཙང་སྒྱུར”མཁོ་འདོན་བྱེད་མཁན་ཉེས་གསོག་ཚོགས་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩ་མེད་བཟོས་ནས་ཉེས་གསོག་དོགས་ཅན་9བཟུང་བ་དང་སྦྲགས། གྱོད་འབྲེལ་དངུལ་སྒོར་ཁྲི་3.94ཚུར་བླངས་པ་རེད།
ཉེ་ཆར། གྲོ་མོ་རྫོང་དུ་གལ་པ་རྒྱུག་པར་ཡོང་མཁན་ཧྥེ་ཆེ་གེ་མོ་དྲ་ཐོག་ཏུ་འདོད་ཆགས་ཀྱི་གཅེར་མོལ་གཡོ་སྒྱུར་ཚུད་ནས་ཉེས་གསོག་དོགས་ཅན་གྱིས་སྒོར་ཁྲི་4ལྷག་ཙམ་བསྙད་འདོགས་རྒྱུ་འཕྲོག་བྱས་ཡོད། གྱོད་དོན་སྙན་སེང་འབྱོར་རྗེས། གྲོ་མོ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ལས་དོན་སྤེལ་ཞིང་། ཞིབ་འཇུག་བརྡར་གཅོད་གཏིང་ཟབ་དང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཙེང་ཆེ་གེ་མོ་གཏན་འཁེལ་བྱས་པ་དང་འབྲེལ་བཟུང་བ་རེད།
གྲུབ་འབྲས་སྔར་བས་ལེགས་པ་ཐོབ་་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁོང་དུ་ཆུད་པའི་ཉེས་གསོག་གི་ཁུངས་སྣེར་མྱུལ་ཞིབ་དང་བརྡར་ཤ་གཅོད་པ་དང་། ཁུངས་སྣེ་གཏིང་ཟབ་འཚོལ་བ། ཁུངས་སྣེ་བརྒྱུད་རྗེས་འདེད་གཏོང་བ་བཅས་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་དུ་སྡོད་པའི་ཝང་ཆེ་གེ་མོས་གཙོས་པའི་“བཙོག་དངུལ་གཙང་སྒྱུར”གྱི་ཉེས་གསོག་ཚོགས་པ་རིམ་བཞིན་རྩད་ཆོད་པ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་ངང་ལེབ་བཤེར་འདྲི་རྩད་བྱས་མཐར་ཚོགས་པ་དེའི་སྡོད་གནས་གཏན་འཁེལ་བྱས་པ་དང་སྦྲགས། སྔ་རྗེས་སུ་ཚོགས་པ་དེའི་ཉེས་གསོག་དོགས་ཅན་9བཟུང་བ་རེད།
འདྲི་རྩད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཚོགས་པ་དེའི་ལས་བགོས་ཁ་གསལ་ཡོད་པ་སྟེ། ཉེས་གསོག་དོགས་ཅན་གཏེ་པོ་ཝང་ཆེ་གེ་མོས“གཱ་ཚོང་པའི”ངོས་ནས། ཕྱི་རྒྱལ་གྱི་གཅེར་མོལ་རྒྱུ་འཕྲོག་ཉེས་གསོག་ཚོགས་པ་དང་འབྲེལ་བ་བྱེད་པ་དང་། ཙེང་ཆེ་གེ་གོ་སོགས“གཱ་མང་པོ་འཁྱེར་མཁན”ཡིན་པའི་ཆ་ནས་བཙོག་དངུལ་གཙང་སྒྱུར་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་པ་དེ་རྒྱལ་ཡོངས་ས་གནས་ཁག་གི་གཅེར་མོལ་རྒྱུ་འཕྲོག་གི་གྱོད་གཞི་ཁག་60ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད་པ་རེད།
མིག་སྔར་གྱོད་དོན་བདག་ཁོངས་དབང་ཆའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེ་ཆར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས“བཙོག་དངུལ་གཙང་སྒྱུར”ཚོགས་པ་དེ་ཁྲིམས་ལྟར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་དྲ་དམངས་ཀྱིས་སྐྱོན་བྲལ་གྱི་དྲ་ཞུགས་གོམས་གཤིས་རྒྱུན་འཁྱོངས་ཀྱིས་ཆགས་སྲེད་ཆ་འཕྲིན་ལ་ལྟ་རྒྱུ་མེད་ལ། རྒྱུས་མངའ་མེད་པའི་མི་ལ་ཡིད་ཆེས་བྱ་རྒྱུ་མེད། མ་ཟད་རྒྱུས་མངའ་མེད་པའི་མི་ལ་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཚང་སོགས་ཀྱི་ཆ་འཕྲིན་དེ་བས་གྱར་མི་རུང་། གལ་ཏེ་མགོ་སྐོར་ཐེབས་པ་ཤེས་འཕྲལ་གྱོད་དོན་སྙན་གསེང་ཞུས་ནས་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་དཔང་ལེན་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་དགོས།