རང་ལྗོངས་ཀྱིས“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་གྲོང་མིས་རྒྱལ་སྲུང་སློབ་གསོའི་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་ལེན་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ཁོངས་མིའི་ཚན་པ་69ཡིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། འགྲེམས་པང་འཛུགས་པ་དང་། རྒྱལ་སྲུང་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་སྤྲོད་པ། “རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་ཁྱབ་གདལ་གཏོང་བ་བཅས་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་དང་འོས་འགན་ནད་བརྟག་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་གྲོང་མི་དང་ཡུལ་སྐོར་བར་ཞབས་འདེགས་ཞུས་པ་རེད།
“ད་ཐེངས་ཀྱི་བྱེད་སྒོས་མང་ཚོགས་ལ་རྒྱལ་སྲུང་ཤེས་བྱ་མང་པོ་ཁྱབ་གདལ་བཏང་སོང་། དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ལའང་ཕན་པ་ཆེན་པོ་ཐོབ་བྱུང་། ཐེངས་འདིའི་བྱེད་སྒོའི་ནང་ཐོབ་པའི་ཤེས་བྱ་དག་སློབ་ཁང་དུ་འཁྲིད་རྒྱུའི་རེ་བ་ཡོད”ཅེས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་སྐད་ཡིག་དགེ་རྒན་ཤིང་ལགས་ཀྱིས་བརྗོད།
བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་དང་ལས་དོན་མི་སྣས་གོ་བདེ་ཤེས་སླའི་སྐད་ཆ་ནས་མང་ཚོགས་ལ་རྒྱལ་སྲུང་གི་དོན་སྙིང་དང་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་དང་འབྲེལ་རྒྱལ་སྲུང་ཚན་རིག་ཁྱབ་གདལ་ཤེས་བྱའི་སྐོར་གྱི་དྲི་བར་ལན་འདེབས་པའི་བྱེད་སྒོ་ཡང་སྤེལ་ཞིང་། གྲོང་མི་ལུའོ་ལགས་ཀྱིས“ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་ཧ་ཅང་ཡག་པོ་གཉེར་སོང་། ངའི་ཚ་བོ་འདི་ལོ་སློབ་ཆུང་འགྲིམ་བཞིན་ཡོད། ང་རང་ལ་ས་གནས་ས་ཐོག་ཏུ་རི་མོ་ཡོད་པའི་དྲིལ་བསྒྲགས་ལག་དེབ་ཁ་ཤས་རག་བྱུང་། ཁྱིམ་དུ་ལོག་རྗེས་ཚ་བོ་ཡག་པོ་བལྟ་རུ་འཇུག་རྩིས་ཡོད། རྒྱལ་གཅེས་ནི་ཕྲུ་གུ་ནས་དམ་འཛིན་བྱེད་དགོས”ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཡིད་དབང་འགུག་ཤུགས་དང་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་སློབ་གསོའི་བྱ་ཐབས་གསར་གཏོད་བྱེད་པ། རྒྱལ་སྲུང་གཞི་རྒྱུ་ཁྱབ་ཁོངས་དེ་བས་མང་བར་མཉམ་འདྲེས་བྱེད་པ། ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་ལེགས་ཆ་སྤྱོད་པ། རྒྱལ་སྲུང་འཛུགས་སྐྱོང་ནང་ཞུགས་པའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་གང་ལེགས་འཕེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་སྟོབས་དམག་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་རེད།