འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས།
“ཡིད་རྟོན་རྫུན་མའི་རིགས”ཀྱི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ཞིག་རྩད་ཆོད་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས“ཡིད་རྟོན་རྫུན་མའི་རིགས”ཀྱི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ཞིག་རྩད་ཆོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་མཁྱེན་ལྡན་མ་ལིའུ་ལགས་བྲེལ་འཚུབ་ངང་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་སུ་ཡོང་ནས། རང་ཉིད་ལ་རྒྱུས་མངའ་མེད་པའི་ཁ་པར་ཞིག་འབྱོར་ཏེ། རང་ཉིད་ཀྱིས་སྤྱོད་བཞིན་པའི་སྐད་འཕྲིན་གྱི“དངུལ་བུན་ཆུང་གྲས”རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྐྱེད་ཚད་དང་མི་མཐུན་པས“དངུལ་བུན་ཆུང་གྲས”དེ་མེད་པར་བཟོ་དགོས། དེ་ལྟར་མ་བྱས་ཚེ་མི་སྒེར་གྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བཤད་བྱུང་། རང་ཉིད་ཀྱིས་དེ་དངོས་འབྲེལ་རེད་བསམས་ནས་ཕར་ཕྱོགས་ཀྱིས་བརྙན་ལམ་ཁ་པར་བརྒྱུད་ཁྱོན་སྒོར་ཁྲི་19.49ལྷག་ཙམ་ཁ་བསླུས་བརྒྱབ་སོང་ཞེས་གྱོད་དོན་སྙན་སེང་ཞུས།
གྱོད་དོན་སྙན་སེང་འབྱོར་རྗེས་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ཉེན་རྟོག་པ་ཧྲག་འདེམས་བྱས་ནས་ལྗོངས་ཕྱིར་གྱོད་གཞི་དེར་མྱུལ་ཞིབ་བྱེད་པར་བསྐྱོད་པ་དང་། གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་གྲངས་འབོར་ཆེ་བའི་ཆ་འཕྲིན་ཁྲོད་ནས་གནད་སྨིན་བརྡར་གཅོད་དང་ཁུངས་འདེད་རྗེས་སྙེག་བྱས་པ་རེད། སྔ་རྗེས་སུ་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་དང་ལེ་དབྱང་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་ཁུན་མིང་དང་པའོ་ཧྲན་གྲོང་ཁྱེར་བཅས་སུ་བསྐྱོད། ཉེས་གསོག་དོགས་ཅན་གནས་ཡུལ་གཏན་འཁེལ་བྱུང་རྗེས་ཁྲིམས་འགལ་ཉེས་གསོག་དོགས་ཅན་3འཛིན་བཟུང་བྱས་པ་དང་འབྲེལ། གྱོད་འབྲེལ་རིམ་པ་དང་པོའི་གཱ་འཕྲལ་མར་སྤྱོད་མཚམས་བཞག་པས་སྒོར་ཁྲི་4བཀག་འཇོག་ཐུབ་པ་རེད།
འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གསུམ་པོས་མཁྱེན་ལྡན་མ་ལིའུ་ལགས་ལ་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱིས་མི་2ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་ཁྲིམས་འགལ་ཉེས་གསོག་དོགས་ཅན་1ལ་བསླབ་སྡོམ་བྱས་པ། གྱོད་འབྲེལ་དངུལ་ཁང་གཱ་4དང་ལག་ཐོགས་ཁ་པར་2བཙན་ཉར་བྱས་པ། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་6.99མི་ཕོག་པ་བྱས་པ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་4730རྩིས་ལེན་དང་བཙན་ཉར་བྱས་པ་རེད།
མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།