ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཁྲིམས་ཁང་དུ་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ།
འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་གྱོད་གཞིའི་བདག་སྤྲོད་གནས་ཚུལ་ཉན་བཞིན་པ།
བཀོད་འཐབ་པའི་སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཉེན་ཟོན་སློབ་གསོའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཉེན་ཁ་ཆེ་བའི་སྒོ་ནས་རླངས་འཁོར་བཏང་བའི་ཉེས་གསོག་བསྐྱར་གཅོད་ཞུ་གཏུག་གྱོད་གཞིར་ཟུར་ཉན་བྱས་ནས་བཀོད་འཐབ་པ་ཚོར་དམིགས་བསལ་གྱི་སློབ་གསོ་ཞིག་བཏང་བ་རེད།
འདྲི་གཅོད་དཔོན་གྱིས་ཁྲིམས་ཀྱི་ཐོ་བ་བརྡུངས་པ་དང་བསྟུན་ནས། ཁྲིམས་རའི་འདྲི་གཅོད་དངོས་སུ་འགོ་ཚུགས་ཤིང་། ཁྲིམས་རའི་བརྟག་དཔྱད་དང་། ཞུ་གཏུགས་མཁན་གྱིས་ཉེས་པ་བརྗོད་པ། ཞུ་སྦྱོར་ཕྱི་མས་གསལ་བཤད་དང་དག་འབུད། མཐར་ཁྲིམས་ཐག་བཅད་པ་བཅས་བྱས་པ་རེད། བཀོད་འཐབ་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་རའི་བརྗིད་ཉམས་ལ་གུས་བཀུར་དང་བཅས་བློ་རྩེ་གཅིག་སྒྲིམ་གྱིས་གྱོད་གཞིའི་གནས་ཚུལ་་ཉན་ནས། ཁྲིམས་རའི་བརྗིད་ཉམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ཚོར་བ་མ་ཟད། བཅའ་ཁྲིམས་ཀྱི་དྲང་གཞག་དང་ཁྲིམས་འགལ་སྒྲིག་འགལ་གྱི་བསླབ་བྱ་ཟབ་མོ་མྱོང་ཚོར་ཐུབ་པ་རེད།
ཐེངས་འདིའི་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་གྱི་བྱེད་སྒོ་སྤེལ་བ་བརྒྱུད། བཀོད་འཐབ་པ་ཡོངས་ཀྱིས། གྱོད་གཞིའི་ཁྲོད་ནས་བསླབ་བྱ་དང་ལེན་ཐུབ་པ་དང་། ཉེན་བརྡ་ཡུན་རིང་གཏོང་བ། སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་སྔར་བས་རང་གཅུན་ནན་པོ་དང་། སྒྲིག་བཀུར་ཁྲིམས་སྲུང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་བཅས་བྱུང་བ་མ་ཟད། བཅའ་ཁྲིམས་ཀྱི་མཐའ་ཚད་དང་། སྒྲིག་ཁྲིམས་ཀྱི་དམར་ཐིག དཔུང་ཁག་གི་དོ་དམ་ཚད་གཞི་བཅས་སྲུང་བ་བཅས་སྔར་བས་བྱེད་རྒྱུ་ཡིན་ཞེས་བཤད།