དམངས་དོན་ཁྲིམས་གཞུང་ལས་སྤྱིའི་རྩ་དོན་སྐོར་གྱི་དྲི་བ་དྲིས་ལན།
7《དམངས་དོན་ཁྲིམས་གཞུང་》གི
ལྗང་མདོག་གི་རྩ་དོན་ཞེས་པ་གང་ལ་གོ་དགོས།
● དོན་ཚན་དགུ་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པར་བྱེད་དགོས།
● དོན་ཚན་ཉིས་བརྒྱ་དང་གོ་བཞི་པ། བརྟན་ནོར་གྱི་ཁེ་དབང་བདག་པོས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་སྲ་གཟུགས་ཟོག་རོ་དབྱུགས་པ་དང་། མཁའ་རླུང་སྦགས་བཙོག་དངོས་རྫས་དང་། ཆུའི་སྦགས་བཙོག་དངོས་རྫས། ས་རྒྱུའི་སྦགས་བཙོག་དངོས་རྫས། འཛེར་སྒྲ འོད་ཀྱི་འགྱེད་འཕྲོ། གློག་ཁབ་ལེན་གྱི་འགྱེད་འཕྲོ་སོགས་གནོད་ལྡན་དངོས་རྫས་ཕྱིར་འབུད་བྱས་མི་ཆོག
● དོན་ཚན་ལྔ་བརྒྱ་དང་དགུ་པའི་ནང་ཚན་གསུམ་པ། དོ་བདག་གིས་གན་རྒྱ་སྒྲུབ་རིམ་ནང་དུ་ཐོན་ཁུངས་ཆུད་ཟོས་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་བཟོ་བ། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་བཅས་མི་ཡོང་བར་བྱེད་དགོས།
● དོན་ཚན་ཆིག་སྟོང་ཉིས་བརྒྱ་དང་སོ་གཉིས་པ། དབང་གནོད་གཏོང་མིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ནས་བསམ་བཞིན་དུ་ཁོར་ཡུག་སྦགས་བཙོག་བཟོས་པ་དང་སྐྱེ་ཁམས་གཏོར་བརླག་བཏང་ནས་མཇུག་འབྲས་ཚབས་ཆེན་བཟོས་པ་ཡིན་ན། དབང་གནོད་ཕོག་མི་ལ་དེར་མཐུན་གྱི་ཆད་གཅོད་རང་བཞིན་གྱི་གུན་གསབ་འཇལ་དགོས་པའི་རེ་འདུན་འདོན་དབང་ཡོད།
+ ཁྲིམས་ལུགས་འཆད་སྟེགས།
ལྗང་མདོག་གི་རྩ་དོན་ཞེས་པ་ནི་དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པར་བྱེད་དགོས་ཞེས་པ་ལ་ཟེར། ལྗང་མདོག་གི་རྩ་དོན་ནི་《དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན》གྱིས་གསར་དུ་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་ཞིང《དམངས་དོན་ཁྲིམས་གཞུང》གིས་རྒྱུད་འཛིན་བྱས་ཡོད་པ་དང་། དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་ཡོད་ལ་དོན་སྙིང་གལ་ཆེན་ལྡན་པའི་གསར་གཏོད་ཅིག་རེད། རྩ་དོན་འདིས་མི་དང་རང་བྱུང་ཁམས་འདུས་གྲུབ་ཅིག་ཡིན་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་གྱི་རིག་གནས་འདུ་ཤེས་རྒྱུད་འཛིན་བྱས་ཡོད་པ་མ་ཟད། འཕེལ་རྒྱས་ཀྱི་བསམ་བློ་གསར་པ་ཡང་མཚོན་ཡོད་པས་རང་རྒྱལ་གྱི་མུ་མཐུད་དུ་འཕེལ་བའི་མི་འབོར་དང་ཐོན་ཁུངས་སྐྱེ་ཁམས་བར་གྱི་འགལ་བ་ཞི་ལྷོད་དུ་གཏོང་བར་ཕན་པ་ཐོན་ཐུབ། 《དམངས་དོན་ཁྲིམས་གཞུང》ནང་གི་དངོས་དབང་སྐོར་དང་གན་རྒྱའི་སྐོར། དབང་གནོད་འགན་འཁྲིའི་སྐོར་ལ་སོགས་པའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལམ་ལུགས་ཚང་མའི་ནང་དུ་ལྗང་མདོག་གི་རྩ་དོན་གསལ་པོར་མཚོན་ཡོད།
8《དམངས་དོན་ཁྲིམས་གཞུང》ལས།
མངལ་གནས་ཕྲུ་གུ་ཡིས་ཤུལ་ནོར་ཤུལ་འཛིན་བྱས་ཆོག་གམ།
● དོན་ཚན་བཅུ་དྲུག་པ། ཤུལ་ནོར་ཤུལ་འཛིན་དང་སྦྱིན་ནོར་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དང་འབྲེལ་བ་ཡོད་ན། མངལ་གནས་ཕྲུ་གུ་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་རྩི་དགོས། ཡིན་ན་ཡང་མངལ་གནས་ཕྲུ་གུ་སྐྱེ་དུས་ཤི་རོ་ཡིན་ན་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡེ་ནས་མེད་པ་ཡིན།
+ ཁྲིམས་ལུགས་ཁྱབ་གདལ་མུན་སེལ་སྒྲོན་མེ།
《དམངས་དོན་ཁྲིམས་གཞུང》ནང་དུ་མངལ་གནས་ཕྲུ་གུའི་ཁེ་ཕན་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་བཟོས་ཡོད། གཏན་འབེབས་ལྟར་ན། ཤུལ་ནོར་ཤུལ་འཛིན་དང་འབྲེལ་བ་ཡོད་པ་ཡིན་ན་མངལ་གནས་ཕྲུ་གུར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་བརྩིས་ནས་ཤུལ་ནོར་ཤུལ་འཛིན་བྱེད་པའི་ཐོབ་ཐང་དང་ཁེ་དབང་ཡོད། འོན་ཀྱང་མངལ་གནས་ཕྲུ་གུ་སྐྱེ་དུས་ཤི་རོ་ཡིན་ན་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡེ་ནས་མེད་པ་ཡིན།
9《དམངས་དོན་ཁྲིམས་གཞུང》ལས།
མངལ་གནས་ཕྲུ་གུས་སྦྱིན་ནོར་དང་ལེན་བྱས་ཆོག་གམ།
● དོན་ཚན་བཅུ་དྲུག་པ། ཤུལ་ནོར་ཤུལ་འཛིན་དང་སྦྱིན་ནོར་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་ཡིན་ན། མངལ་གནས་ཕྲུ་གུ་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་རྩི་དགོས། ཡིན་ནའང་མངལ་གནས་ཕྲུ་གུ་དེ་སྐྱེ་དུས་ཤི་རོ་ཡིན་ན་དེར་དམངས་དོན་ཁེ་དབང་སྤྱོད་ནུས་མེད།
+ ཁྲིམས་ལུགས་འཆད་སྟེགས།
མངལ་གནས་ཕྲུ་གུའི་ཁེ་ཕན་ལ་ཚད་ཆེ་ཤོས་ཐོག་ནས་སྲུང་སྐྱོབ་བྱེད་ཆེད། 《དམངས་དོན་ཁྲིམས་གཞུང》གིས་སྦྱིན་ནོར་དང་ལེན་དང་འབྲེལ་བ་ཡོད་པ་ཡིན་ན་མངལ་གནས་ཕྲུ་གུ་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་བརྩིས་ནས་སྦྱིན་ནོར་དང་ལེན་བྱེད་པའི་ཁེ་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད།